དབུ་ཤོག>གསར་འགྱུར།
  • བོད་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་དམིགས་ཚད་ཁག་140ལོ་ལྔའི་སྔོན་ཚུད་ནས་2030ལོའི་རྒྱལ་ཁབ་ཀྱི་རྩ་གནད་དམིཌ་ཚད་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་2026ལོའི་ཚང་འཛོམས་ཚོགས་འདུ(རྒྱ་ཆེ)ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཀྱི་གཏན་འཁེལ་བྱས་པའི་དམིགས་ཚད་ཁག་146སྤུས་ཚད་མཐོ་པོས་ལེགས་གྲུབ་བྱུང་བ་དང་ཚད་གཞི་ལོན་ཚད་100%ཟིན་པའི་ནང་དམིགས་ཚད་ཁག་140ལོ་ལྔའི་སྔོན་ཚུད་ནས་ཀྲུང་གོའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ཀྱི་2030ལོའི་གཏན་འཁེལ་དམིགས་ཚད་དུ་སླེབས་ཡོད་པ་རེད།

    བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བུད་མེད་ཀྱི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པའི་ཐད། ལོ་ལྔའི་རིང་རང་ལྗོངས་ཀྱི་སྦྲུམ་མའི་རྒྱུད་ཁོངས་དོ་དམ་བྱེད་ཚད་དང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་85.38%དང་99.54%སོ་སོར་ཟིན་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ་སློབ་གྲྭར་འགྲོ་མུས་ཀྱི་ལོ་ཚད་རན་པའི་སློབ་མ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་དམངས་འཚོའི་དོན་དངོས་ནང་བཅུག་ནས་རིམ་རྩིས་བརྒྱབ་ན་སློབ་གྲྭར་འགྲོ་མུས་ཀྱི་ལོ་ཚད་རན་པའི་སློབ་མ་བུ་མོ་ཁྲི་10.7ལྷག་ཙམ་ལ་སྨན་ཁབ་ཐོག་མ་བརྒྱབ་པ་དང་སྨན་ཁབ་རྒྱག་ཚད་92%ཟིན་ཡོད། རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་བུད་མེད་མི་ཐེངས་ཁྲི་58ལྷག་ཙམ་ལ“འབྲས་སྐྲན་གཉིས”རིན་མེད་ངང་གྲལ་བཤེར་བྱས་པ་རེད།

    བུད་མེད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་བབ་རིམ་བཞིན་མཐོ་རུ་འགྲོ་བའི་ཐད། ལོ་ལྔའི་རིང་རང་ལྗོངས་ཀྱི་བུད་མེད་རིམ་པ་ཁག་དང་ཁྱབ་ཁོངས་ཁག་ཏུ་ཆབ་སྲིད་ནང་ཞུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཁྲོད་བུད་མེད་ཀྱིས་32.43%བཟུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་བུད་མེད་ཀྱིས་30.61%བཟུང་བ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲོད་བུད་མེད་ཀྱིས་28.27%བཟུང་བ་བཅས་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་སྲིད་གཞུང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་ནང་བུད་མེད་ལས་བྱེད་པ་བཀོད་སྒྲིག་བྱས་པའི་ཚན་ཁག་གིས་75%དང་། 59.68% 66.47%བཅས་སོ་སོར་བཟུང་ཡོད། གྲོང་ཚོ་གྲོང་ལྷན“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁྲོད་བུད་མེད་ཀྱིས་30.46%བཟུང་བ་དེ་2020ལོ་ལས་བརྒྱ་ཆའི་གྲངས་7.64མཐོ་རུ་ཕྱིན་ཡོད།

    ལྗོངས་ཡོངས་ཀྱི་བུད་མེད་ཏང་ཡོན་གྱིས་33%ཟིན་པ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བུད་མེད་ཏང་ཡོན་གསར་པ་ཁྲི་3.8འཕེལ་རྒྱས་བཏང་བ་དེས་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་བསྡོམས་འབོར་གྱི་44.71%ཟིན་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཁྲོད་བུད་མེད་ཀྱིས་45.7%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་6.74འཕར་ཡོད། ལྗོངས་ཡོངས་ཀྱི་ཚན་རྩལ་དང་། སློབ་གསོ། འཕྲོད་བསྟེན། རིག་གནས། དེང་རབས་ཞིང་ལས་བཅས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣའི་ཁྲོད་བུད་མེད་ཀྱི་བསྡུར་ཚད་44.5%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་1.72མཐོ་རུ་ཕྱིན་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བུད་མེད་འཕེལ་རྒྱས་འཆར་འགོད་ནང་གཏན་འཁེལ་བྱས་པའི་32%ཀྱི་དམིགས་ཚད་ལས་བརྒལ་ཡོད།

    བུད་མེད་དང་བྱིས་པར་སློབ་གསོ་ཐོབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པའི་ཐད། 2025ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3679ཡོད་པ་དེ་2020ལོ་ལས་484མང་དུ་ཕྱིན་ཡོད། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་100%ཟིན་པ་དང་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་92.83%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་5.8འཕར་ཡོད། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་98.74%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་3.7འཕར་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་92.04%ཟིན་པ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་འགྲོ་མུས་ཀྱི་བུ་མོས་55.01%ཟིན་ཡོད། བྱིས་པ་དབང་པོ་སྐྱོན་ཅན་གྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བའི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།