འཛམ་གླིང་ཡང་རྩེར་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱེད།

འདི་ནི་ཕྲུ་གུ་ཚོས“ས་མཐོའི་འཛམ་གླིང་བུམ་པའི”འགྲན་བསྡུར་ཁྲོད་སྤོ་ལོ་ཧབ་ཐོབ་རྒྱག་བཞིན་པ།

འདི་ནི་སྤོ་ལོ་རྒྱག་མཁན་རུ་མི་ཆུང་ཆུང་ཞིག་གིས་སྤོ་ལོ་འཛུལ་རྗེས་ཕོར་ཐིའུ་ཀལ་གྱི་སྤོ་ལོ་རྒྱག་མཁན་Cལུའོ་ལ་ལད་མོ་བྱེད་བཞིན་པ།
ཟླ་7ཚེས་20ཉིན་གྱི་ཐོ་རེངས་ལ། 2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་མཐའ་བསྡུར་རྒྱག་འགོ་ཚུགས། ཟླ་7ཚེས་19ཉིན། ས་བབ་སྨི་4700ཟིན་པའི་ཀྲུང་གོའི་བོད་ལྗོངས་ནག་ཆུའི་རྫ་འབི་ཤང་སླ་ང་ཁུག་གྲོང་ཚོར་ས་མཐོའི་འབྲོག་ཁུལ་གྱི་ལོ་ཆུང་རྣམས་དབྱར་གཞུང་གི་བསིལ་རླུང་ཁྲོད་ཀྲོང་ངེར་ལངས་ཏེ། ཁོང་ཚོ་རང་ཉིད་ལ་དབང་བའི“གྱད་ཆེན་བུམ་པ”བླངས་ཟིན།
“ས་མཐོའི་འཛམ་གླིང་བུམ་པའི”འགྲན་བསྡུར་ལ་ཞུགས་མཁན་གྱི་རུ་མི་ནི་སླ་ང་ཁུག་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་གྲོང་སྡེ་ཁག་གི་ཕྲུ་གུ་ཡིན་ཞིང་། རུ་མི་ཆུང་ཤོས་ལོ་ལྔ་ལ་སླེབས་ཙམ་རེད། ཕྲུ་གུ་ཚོས་རང་མོས་ངང་རུ་ཁག་ལྔ་བཙུགས་ཤིང་། འགྲན་བསྡུར་དེ་རེས་འཁོར་འགྲན་བསྡུར་བྱེད་སྟངས་སྤྱད་ཡོད་པས། སྐར་གསོག་དང་རྒྱལ་ཕམ་གྱི་བང་རིམ་གཞིར་བཟུང་མཐའ་མའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་གཏན་འཁེལ་བྱེད་ཀྱི་ཡོད། འགྲན་བསྡུར་སྒྲིག་འཛུགས་བྱེད་མཁན་བསོད་ནམས་འཇིགས་མེད་ནི་ནག་ཆུ་རྫ་འབི་ཤང་སླ་ང་ཁུག་གྲོང་ཚོའི་འབྲོག་པ་དཀྱུས་མ་ཞིག་རེད། དུས་རྒྱུན་ནོར་ཁྱུ་འདེད་དེ་རྩྭ་ཆུ་བཟང་སར་འཚོ་བར་འགྲོ་གི་ཡོད་ནའང་། གཟའ་མཇུག་སླེབས་རིམ་བཞིན་རྐང་རྩེད་སྤོ་ལོ་རྒྱག་མཁན་ཕྲུ་གུ་ཚོའི“རྩལ་ཁྲིད་པ”བྱེད་ཀྱི་ཡོད། སླ་ང་ཁུག་གྲོང་ཚོ་ནི་ས་བབ་མཐོ་བའི་འབྲོག་ཁུལ་དུ་ཆགས་ཤིང་། ས་ཁམས་གནས་སྟངས་ལུང་ཁུག་ཡིན་སྟབས་གྲོང་ཚོའི་ནང་ཚད་ལྡན་གྱི་རྐང་རྩེད་སྤོ་ལོ་ཐང་མེད། གྲོང་ཚོའི་ནང་གི་ཕྲུ་གུ་རྣམས་གཟའ་མཇུག་སློབ་གྲྭ་གྲོལ་རྗེས་འབར་འབུར་མང་བའི་སྤང་ཐང་དང་ས་སྒང་དུ་སྤོ་ལོ་རྒྱག་དགོས་དུས་རྨས་སྐྱོན་ཡང་ཕོག་གི་ཡོད་པས། བསོད་ནམས་འཇིགས་མེད་ཀྱིས་རང་ཁྱིམ་གྱི་ཕྱུགས་ར་ཁོད་སྙོམས་ནས་བཅག་བཅག་བཏང་རྗེས་སྟབས་བདེའི་རྐང་རྩེད་སྤོ་ལོ་ཐང་ཞིག་བཟོས།
ད་ལོ་ལོ་22ལ་སླེབས་པའི་བསོད་ནམས་འཇིགས་མེད་ནི་ཆུང་དུས་ནས་སྤོ་ལོ་རྒྱག་རྒྱུར་དགའ་ཡང་ད་བར་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་མྱོང་མེད་ཅིང་། རྐང་རྩེད་སྤོ་ལོ་རྒྱག་སྟངས་ཚང་མ་དྲ་བའི་ཐོག་གི་བརྙན་ལམ་བརྒྱུད་རེ་རེ་བཞིན་སྦྱངས་པ་ཞིག་རེད། “སྔོན་ལ་སོ་སོས་ཤེས་ན་གཞི་ནས་ཕྲུ་གུ་ཚོར་བསླབ་ཐུབ་ཀྱི་རེད” གཟའ་མཇུག་སླེབས་རིམ་བཞིན་གྲོང་ཚོའི་ཕྲུ་གུ་ཚོ་རང་འགུལ་ངང་སྤོ་ལོ་རྒྱག་པར་ཡོང་གི་ཡོད་པ་དང་ཐག་རིང་ཤོས་རྐང་ཐང་མར་སྤྱི་ལེ་བཅུ་ཙམ་ཡོང་དགོས་ཀྱི་ཡོད།
ན་ནིང་ཟླ་7པ་ནས་བཟུང་བསོད་ནམས་འཇིགས་མེད་ཀྱིས་རང་སྨྱན་སྦྱོར་ལ་བརྟེན་ནས་ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོ་རྒྱག་པའི་བརྙན་ཐུང་བསྐུར་རྗེས། རྫ་འབི་ཤང་གི་རྐང་རྩེད་སྤོ་ལོ་རྒྱག་མཁན་ལོ་ཆུང་ཚོའི་གཏམ་རྒྱུད་མི་སྔར་ལས་མང་བས་མཐོང་སྟེ། གངས་ལྗོངས་ས་མཐོར་རྐང་རྩེད་སྤོ་ལོ་དང་། གྲུག་ལྷམ། གྲུག་གོས་ཆ་ཚང་། སྲུང་ཆས། འགྲན་བསྡུར་གྱི་བྱ་དགའ། ལུས་རྩལ་གྱི་གསབ་སྣོན་བཟའ་བཅའ་སོགས་ལྷག་བསམ་གཙང་མའི་སྨོན་འདུན་བཟང་པོ་དང་བཅས་ཏེ་ཁག་དང་ཁག་བྱས་ནས་ཕྲུ་གུ་ཚོར་བསྐུར་ཡོད། དེ་སྔའི་ཐབས་ཆག་དང་འདམ་རྫབ་ཀྱིས་ཁེངས་པའི་སྤོ་ལོ་ཐང་དེའང་རིམ་གྱིས་ཇེ་ཡག་ཏུ་སོང་ཡོད།
ཉེ་བའི་ལོ་ཤས་རིང་། ཚད་ལྡན་གྱི་སྤོ་ལོ་ཐང་དང་། སློབ་གྲྭའི་རྐང་རྩེད་སྤོ་ལོ། གཞོན་ནུའི་སྦྱོང་བརྡར་མ་ལག་བཅས་བོད་དུ་རིམ་བཞིན་ཁྱབ་གདལ་གཏོང་བཞིན་ཡོད། 2025ལོར་བོད་ཀྱི་སློབ་གྲྭ་13རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་སློབ་གྲྭར་བདམས་པ་དང་། 2025ལོའི་ཟླ་12ཚེས་31ཉིན་བར་བོད་དུ་རྐང་རྩེད་སྤོ་ལོའི་ཐང་1136ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།