དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་2026ལོའི་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-21

    ཟླ་7ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་སྣེ་ཁྲིད་དེ་གཉེར་བའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་2026ལོའི་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་ཟི་ལིང་དུ་སྤེལ་འགོ་ཚུགས་པ་རེད། ད་ལོའི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་བྱེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བར་འབད”ཅེས་པ་དེ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཉིན་དེར་འཚོགས་པའི་འགོ་ཚུགས་ཚོགས་འདུར་ངོ་སྤྲོད་བྱས་དོན། ད་ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་མཛེས་པའི་མཚོ་སྔོན་དུ་སྤེལ་དོན་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དྲིལ་བསྒྲགས་ལག་བསྟར་ལ་སྐུལ་འདེད། ཁྲིམས་བཟང་སྐྱོང་མཁས་ལ་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞིང་། མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་བྱེད་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། དུས་རབས་གསར་པར་ཏང་གིས་འགོ་ཁྲིད་མཛད་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་ཁྲིད་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

    མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགོ་ཚུགས་ཚོགས་འདུར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ལུགས་སོགས་ཁག་སོ་སོར་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་ནི་1993ལོ་ནས་སྤེལ་འགོ་ཚུགས་པ་དང་ད་བར་ལོ་30ལྷག་ཙམ་སོང་ཞིང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་བ་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་སྤུས་རྟགས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དང་། ཁྲིམས་ལུགས་ལས་དོན་ཨུ་ལྷན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་འབྲེལ་ཡོད་སྡེ་ཚན་མཉམ་དུ་ཞུགས་པ་དང་། ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་། གྲོང་ཁྱེར་རིགས་ཀྱི་སྨྱན་སྦྱོར་ཁག་གཅིག མཚོ་སྔོན་གྱི་སྨྱན་སྦྱོར་བཅས་ཀྱིས་བཅར་འདྲི་བྱས་ནས་གནས་ཚུལ་སྤེལ་ཡོད། འགོ་ཚུགས་ཚོགས་འདུ་གྲོལ་རྗེས། བཅར་འདྲི་ཚོགས་པས་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཀྲོའུ། མཚོ་བྱང་ཀྲོའུ། རྨ་ལྷོ་ཀྲོའུ་བཅས་སུ་བཅར་འདྲིར་སྐྱོད་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།