མཐའ་མཚམས་གཡུ་ཡི་གཞོང་པ་ནས། འཕོ་འགྱུར་གཏམ་བཟང་ལྷང་ལྷང་གྲཌ།
—— མངའ་རིས་ས་ཁུལ་བདེ་མཆོག་གྲོང་ཚོ་ནས་མཐའ་མཚམས་ཀྱི་འཕོ་འགྱུར་མྱོང་རོལ་བྱེད་པ།
བདེ་མཆོག་གྲོང་ཚོ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། དེ་ནི་མངའ་རིས་ས་ཁུལ་སྒར་རྫོང་གི་ཆེས་མཐའ་མཚམས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་རྒྱ་གར་དང་ཐག་ཉེ་པོ་ཡོད། རི་བོ་ཧི་མ་ལ་ཡ་དང་། གངས་ཏི་སི། ཁ་ལ་ཁུ་ནུ་བཅས་དེ་གར་གཅིག་ལ་གཅིག་འབྲེལ་གྱིས་ཆགས་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་བརྗིད་ཆགས་ཡིད་དུ་འོང་བ་ཞིག་གྲུབ་ཡོད།
དེ་གར“མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ཐོབ་ལ། དེ་ག་ནི་བོད་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏོང་བར་ལྟ་ཞིབ་བྱེད་པའི་སྐར་ཁུང་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག བདེ་མཆོག་གྲོང་ཚོས་མཐའ་མཚམས་སྲ་བརྟན་དང་མཐའ་དར་དམངས་ཕྱུག་གི་ལས་འགན་ལ་དམིགས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས། དུས་རབས་གསར་པའི་མཐའ་མཚམས་འགག་སྒོར་མིག་མཐོང་ལག་ཟིན་ཐུབ་པའི“ལེ་དབར་སྟོང་གི་རི་ཀླུང་རི་མོ”ཞིག་བྲིས་ཡོད།
བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ།
ལོ་87ལ་སླེབས་པའི་བགྲེས་སོང་དགྲ་འདུལ་རང་ཁྱིམ་གྱི་ཀ་ཕིབས་སུ་བསྡད་ཡོད་ཅིང་། རབ་ཏུ་འཕྲོ་བའི་ཉི་འོད་འོག་དམར་སྨུག་གི་ངོ་གདོང་ལ་གཉེར་རིས་ཧ་ཅང་གསལ་བ་དེ་ནི་ས་མཐོའི་ཆར་རླུང་དང་གངས་ཆར་གྱིས་གཙོས་པའི་ལོ་ཟླའི་རྗེས་ཤུལ་རེད།
ལོ་29ལ་སླེབས་པའི་ཚ་བོ་བུ་ཆུང་ཚེ་རིང་གིས་སྤོ་བོར་ཇ་བསྲུབས་མ་བཀྱགས་ནས་བགྲེས་སོང་གི་འཁྲིས་སུ་བསྡད། “སྤོ་བོ་ལགས། དྲོད་ཁང་ཆེན་པོའི་ནང་གི་ནས་ཀྱི་ལྗང་མྱུག་ལི་སྨི་30ཙམ་ལོངས་འདུག ཡང་དྲོད་ཁང་ཆེན་པོ་གཞན་ཞིག་གི་པད་ཚལ་ཚང་མ་བསྡུས་ཟིན”ཞེས་བཤད།
བདེ་མཆོག་གྲོང་ཚོར་དགྲ་འདུལ་ནི་མཐའ་མཚམས་སྲུང་ཡུན་རིང་ཤོས་ཀྱི་ཡུལ་མི་ཞིག་རེད། ལོ་རྒྱུས་ཀྱི་རྐྱེན་པས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུར། དེ་གར་དུད་ཚང་3ལས་མེད་པ་དང་དགྲ་འདུལ་ཁྱིམ་ནི་ས་ཆ་དེ་སྲུང་མཁན་གྲས་ཤིག་རེད།
འདི་གར་མཐའ་མཚམས་ཀྱི་ས་ཐིག་རིང་ལ་རི་བོ་མཐོ་ཞིང་གཡང་གཟར་བས། སྐབས་དེ་དུས་དུད་ཚང་3གྱི་སྐོར་སྲུང་ལས་འགན་ཧ་ཅང་ལྕི་པོ་ཡོད། “སྐྱིད་ཤོས་ནི་རྟ་བཞོན་ནས་འགྲོ་རྒྱུ་དེ་རེད། ཡིན་ནའང་རྟ་གོང་ཧ་ཅང་མཐོ་བས་མང་ཆེ་བ་རྐང་ཐང་དུ་འགྲོ་དགོས་ཀྱི་ཡོད”ཅེས་བགྲེས་སོང་དགྲ་འདུལ་གྱིས་བཤད་པ་དང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་དུ་སྐོར་གཡེང་བྱེད་ཐེངས་གཅིག་ལ་ཉིན་3འགོར་གྱི་ཡོད་པས། ལྟོགས་དུས་ཤ་སྐམ་པོ་དང་རྩམ་པ་ཟ་བ་དང་སྐོམ་དུས་ཆུ་འཐུང་བའམ་ཡང་ན་གངས་འཁྱགས་ཟ་དགོས་ཀྱི་ཡོད་པ་དང་། མཚན་མོ་གུར་ནང་ཉལ་སྐབས་མཚན་གང་ལྷགས་པ་ཆེན་པོ་རྒྱག་གི་ཡོད་པ་རེད།
“དཀའ་ངལ་ཆེ་ཤོས་ནི་དགུན་ཁ་གློ་བུར་དུ་ཁ་བ་བུ་ཡུག་འཚུབ་པས་ལམ་ནོར་ཐེབས་པ་མ་ཟད། ད་དུང་གངས་ཕྱིད་དང་འཁྱགས་སྦོས་ཐེབས་པ་སོགས་ཀྱི་གནས་ཚུལ་ཐོན་པ་དང་རྟའི་གཟན་ཆག་རྫོགས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། གནས་ཚུལ་འདི་ལྟ་བུ་ཐེངས་མང་འཕྲད་མྱོང་ཡང་ཚང་མ་ཁྱད་བསད་ཐུབ་བྱུང”ཞེས་བགྲེས་སོང་དགྲ་འདུལ་གྱིས་བཤད། བུ་ཆུང་ཚེ་རིང་གི་སྐོར་གཡེང་བྱ་ཡུལ་བར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཆུ་མིག་གི་ཆུ་འཁྲིད་པ། གུར་དེའང་ཉལ་ཁང་དང་། གཞུང་ལས་ཁང་། ཐབ་ཚང་། ཁྲུས་ཁང་བཅས་ཡོད་པའི་ཁང་ཆུང་ཐོག་གཅིག་མ་ཞིག་ཏུ་གྱུར་པ་མ་ཟད། ཉི་ནུས་འོད་ཤུགས་ཤེལ་ལེབ་ནས་འཁྱགས་སྒམ་དང་ཆུ་ཚ་པོ་བཟོ་ཆས་སོགས་ལ་གློག་རྒྱུན་མཐུད་གཏོང་ཐུབ་ཀྱི་ཡོད།
ལས་སྒྲུབ་ས་ཚིགས་དེའི་འགན་འཁུར་བ་ནོར་བུ་རྒྱལ་མཚན་གྱིས“སྐོར་གཡེང་བྱེད་སྐབས་སྔར་བཞིན་རྐང་ཐང་ལ་འགྲོ་དགོས་མོད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེས་ང་ཚོས་འགན་འཁྲི་དེ་བས་ལེགས་པར་བསྒྲུབ་རྒྱུར་འགན་སྲུང་ཐུབ་ཡོད”ཅེས་བཤད།
རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱ་ཆེད། 2018ལོར་བདེ་མཆོག་གྲོང་ཚོས་མངའ་རིས་ས་ཁུལ་ནས་གྲོང་ཚོའི་ལོ་རྒྱུས་ཁང་དང་པོ་བསྐྲུན་ཞིང་། ལས་བྱེད་པ་དང་། མང་ཚོགས། དགེ་སློབ་སོགས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཡོང་ནས་མཐའ་སྲུང་གི་གཏམ་རྒྱུད་ཉན་པ་དང་འབད་འཐབ་ཀྱི་སྙིང་སྟོབས་འཕེལ་བར་བྱེད་ཀྱི་ཡོད།
ད་ཆ་བདེ་མཆོག་གྲོང་ཚོར་དུད་ཚང་201དང་མི་གྲངས་790ཡོད། དེ་གར“མི་ཚང་མ་སོ་དམག་དང་དུད་ཚང་ཚང་མ་བཙན་རྫོང”ཡིན། ཁོང་ཚོས་བགྲེས་སྲོང་དགྲ་འདུལ་གྱི་ཤུལ་ལམ་བརྒྱུད་གོམ་སྟབས་བརྟན་པོས་ཁྱིམ་གཞིས་ཀྱི་ས་ཆ་སྦར་མཐིལ་ཙམ་ལ་ཡང་སྲུང་སྐྱོང་བྱེད་བཞིན་ཡོད།
བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པ།
བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་ལྷོ་ངོས་ཀྱི་གྲམ་ཐོག་ཏུ་ལོ་53ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་རྡོ་རྩིག་ཁང་པ་གོག་ཧྲུལ་ཁ་ཤས་བསྟན་ནས་གསར་འགོད་པར“དེ་དག་ནི་བདེ་མཆོག་གྲོང་ཚོའི་སྡོད་ཁང་རབས་དང་པོ་རེད”ཅེས་བཤད།
བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁང་མིག་གཉིས་ལ་བསྡོམས་སྨི་ངོས་གྲུ་20ཡང་ཟིན་གྱི་མེད་པ་དང་མཐོ་ཚད་སྨི་1.5ལས་མེད། དབྱུག་པས་ཀ་བའི་ཚབ་བྱས་ཤིང་ཐོག་ཁར་སྤང་ས་དང་འདམ་བག་བཀབ་ཀྱི་ཡོད། “ཁང་པ་དེ་ནི་གཙོ་བོ་དངོས་ཟོག་འཇོག་ས་ཡིན་ཞིང་། དབྱར་ཁའི་དྲག་ཆར་འགོག་མི་ཐུབ་ལ་དགུན་ཁའི་ཁ་བ་བུ་ཡུག་ཀྱང་འགོག་མི་ཐུབ་པས། ཡུལ་མི་རྣམས་དུས་ཚོད་ཕལ་ཆེ་བ་ཕྱི་རོལ་གྱི་སྦྲ་གུར་ནང་སྡོད་ཀྱི་ཡོད”ཅེས་བསོད་ནམས་ཚེ་རིང་གིས་བཤད།
1989ལོའི་ཟླ་7པར། ལོ་16ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་རང་ཁྱིམ་གྱི་ནོར་ལུག་དེད་ནས་ཨ་ཕ་དང་ཡུལ་མི་དུད་ཚང་6གི་རྗེས་སུ་འབྲངས་ཏེ་རང་མོས་ངང་ཆ་རྐྱེན་དེ་བས་ལེགས་པའི་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོ་ནས་དེ་གར་སྤོས། “མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆེད་དུ་ཡིན”ཞེས་བསོད་ནམས་ཚེ་རིང་གིས་བཤད།
སྐབས་དེ་དུས་བདེ་མཆོག་གྲོང་ཚོར་ཤིང་སྡོང་གཅིག་དང་དུད་ཚང་ཁ་ཤས་ཡོད་པ་ཕུད། རྐྱང་ཁྱུ་འཚོ་སྡོད་བྱེད་སའི་ཐང་རྒོད་སྐྱ་མོ་ཞིག་རེད།
1990ལོར་བསོད་ནམས་ཚེ་རིང་གི་ཕ་བཀྲ་ཤིས་རིག་འཛིན་དང་ཨ་ཞང་ནུ་བོ་སྲི་ཆོས་ཀྱིས་སྣེ་ཁྲིད་དེ་ཁང་པ་གསར་པ་རྒྱག་སྐབས་ཡུལ་མི་ཚོས་རོགས་པར་ཡོང་ནས་རྩིག་རྨང་འདྲུ་བ་དང་། ས་ཕག་རྒྱག་པ། ཤིང་ཆ་དབོར་བ་སོགས་ཧུར་ཐག་འབད་ཐག་བྱས་ཏེ་བདེ་མཆོག་གྲོང་ཚོའི“སྡོད་ཁང་རབས་གཉིས་པ”ཐང་རྒོད་དེའི་ཐོག་བསླངས།
2006ལོར། བོད་ཀྱིས་ཞིང་པའི་སྡོད་ཁང་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོ་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བ་དང་། བདེ་མཆོག་གྲོང་ཚོར་ཨར་འདམ་སོ་ཕག་ལས་གྲུབ་པའི“སྡོད་ཁང་རབས་གསུམ་པ”བསྐྲུན་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས། བདེ་མཆོག་གྲོང་ཚོ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སྐབས་སུ་སླེབས། 2012ལོར། བདེ་མཆོག་གྲོང་ཚོའི་ཚོགས་ཆུང་གཉིས་པས“སྡོད་ཁང་རབས་བཞི་པ”སྟེ། ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་22བསྐྲུན་པ་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པའི་ལོ་དེར། ཁྱོན་མ་དངུལ་སྒོར་ཁྲི་1900ལྷག་ཙམ་བཏང་བའི་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། དེ་ནི་བདེ་མཆོག་གྲོང་ཚོའི“སྡོད་ཁང་རབས་ལྔ་པ”སྟེ། དེང་རབས་ཀྱི་ཉམས་འགྱུར་ལྡན་ལ་ཕྱི་རྒྱལ་བཀོད་པའི་ཁང་པ་ཉིས་ཐོག་ལ་ཁེར་རྐྱང་གི་སྒོ་ར་རང་འགྲིག་ཡོད་ཅིང་། བསོད་ནམས་ཚེ་རིང་ལ་རྒྱ་ཁྱོན་སྨི་ངོས་གྲུ་150ཡོད་པའི་ཁང་པ་ཞིག་རག
དང་ཐོག་མའི་རྡོ་རྩིག་ཁང་པ་ནས་ཉིས་ཐོག་གི་ཕྱི་རྒྱལ་བཀོད་པའི་ཁང་པར་སྤོས་པའི་བར་དུས་ཀྱི་མདའ་མོ་འཁྱུག་ཙམ་ལ་བཞུད་ཀྱང་བདེ་མཆོག་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་སྟེ། དེ་སྔ་རྫོང་གྲོང་དུ་འགྲོ་བར་ཉིན་གསུམ་འགོར་བ་ནས་དུད་ཚང་ཚང་མའི་སྒོ་འགྲམ་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་བར་དང་། ཆུ་དང་གློག་མེད་པ་ནས་ཆུ་དང་། གློག དྲ་རྒྱ། སྦྲག་སྲིད་ཚང་མ་ཕྱོགས་ཡོངས་ནས་ཁྱབ་པའི་བར། སློབ་གྲྭར་སྐྱོད་དཀའ་བ་ནས་ཁྱིམ་གྱི་སྒོ་རྩར་བུ་བཅོལ་ཁང་བསྐྲུན་པའི་བར། ཤིང་སྡོང་རྐང་གཅིག་ལས་མེད་པ་ནས་གྲོང་ཚོ་སྔོ་ལྗང་གིས་བརྒྱན་པའི་བར་བཅས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།
མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།
བདེ་མཆོག་གྲོང་ཚོའི་ས་བབ་ལ་སྨི་4200ཡོད་པས་དཔེ་མཚོན་གྱི་མཐོ་གྲང་འབྲོག་ཁུལ་ཞིག་རེད། བྱ་སྐད་གང་ནས་གྲགས་ཀྱི་ཡོད་དམ། ཤང་གི་ལས་བྱེད་པའི་སྣེ་ཁྲིད་འོག་གསར་འགོད་པ་ཉི་སྐྱིད་ཁྱིམ་གྱི་བྱ་གསོ་ར་བར་འབྱོར།
ཉི་སྐྱིད་ད་ལོ་ལོ་42ཡིན་པ་དང་། ལོ་13ལ་སོན་པའི་ལོ་དེར་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་ཁོ་མོའི་རྐང་པ་གཡོན་མའི་རུས་པ་ཧྲུག་ཆག་ཏུ་སོང་། གཤགས་བཅོས་ཐེངས་བཅུ་ལྷག་ཙམ་བྱས་རྗེས་2011ལོར་ཉི་སྐྱིད་གཞི་ནས་འཁར་རྒྱུག་ལ་བརྟེན་མི་དགོས་པ་བྱུང་། “སྐབས་དེ་དུས་ངའི་རེ་བ་ཆེ་ཤོས་ནི་རང་རྐྱ་འཕེར་ནས་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་ཁོ་མོས་བཤད།
2012ལོར་སྒར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཉི་སྐྱིད་ལ་གྲངས་ཉུང་སྐྱེད་སྦྱར་དངུལ་བུན་སྒོར་ཁྲི་4རེ་ཞུ་ཐུབ་ནས་གྲོང་ཚོར་ཇ་ཁང་དང་ཚོང་ཁང་ཞིག་བཙུགས་པ་དང་། གཞུང་དྲང་ལས་བརྩོན་དང་ཚོང་གཉེར་བྱེད་མཁས་པའི་དབང་གིས་ཁྱིམ་གྱི་འཚོ་བ་རིམ་བཞིན་ཡག་ཏུ་སོང་ཡོད། 2016ལོར་ཉི་སྐྱིད་ཁྱིམ་གྱིས་རང་འགུལ་ངང“ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང”གྲལ་ནས་དོན་ཏེ་དབུལ་སྒྲོལ་ཐུབ་པ་རེད།
ཁོ་མོས་འབད་བརྩོན་ལྷོད་མེད་ཀྱིས་བྱ་བ་སྒྲུབ་པའི་གཏམ་རྒྱུད་ལས་མི་མང་པོར་སེམས་འགུལ་ཐེབས་པ་དང་། 2022ལོར་ཉི་སྐྱིད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་། ཁོ་མོས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་མཚན་སྙན་མ་བརྗེད་པར་ཡུལ་མི་དེ་བས་མང་བའི་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་འགྲོ་བའི་བསམ་འདུན་བཅངས་ཡོད།
2023ལོར། ཉི་སྐྱིད་ཀྱིས་དྲ་ཐོག་ནས་ས་བབ་མཐོ་བའི་ས་ཁུལ་དུ་བོད་བྱ་གསོ་བའི་བརྙན་ཐུང་ཞིག་མཐོང་། ས་བབ་དང་ཁོར་ཡུག་ཆ་རྐྱེན་འདྲ་བས་ཁོ་མོར་བྱ་དེ་གསོ་རྒྱུའི་བསམ་བློ་འཁོར།
ཉིན་ཞིག་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྲོང་ཚོར་བརྟག་ཞིབ་ལ་ཡོང་ནས་ཡུལ་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བའི་གྲོས་འགོ་བསྡུ་ལེན་བྱེད་སྐབས་ཉི་སྐྱིད་ཀྱིས་བསམ་ཚུལ་དེ་བཤད། 2023ལོའི་ཟླ་8པར། སྒར་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་བདེ་མཆོག་གྲོང་ཚོར་ཚོད་ལྟ་བྱ་རྒྱུའི་ཐག་བཅད་དེ་མ་དངུལ་སྒོར་ཁྲི་48བཏང་ནས་ཉི་སྐྱིད་ཁྱིམ་ལ་རྒྱ་ཁྱོན་སྨི་ངོས་གྲུ་600ཟིན་པའི་བྱ་གསོ་ར་བ་བསྐྲུན་པ་མ་ཟད། ད་དུང་གཞིས་ཀ་རྩེ་ནས་བྱ་ཕྲུག་ཁག་གཅིག་ཀྱང་ཉོས།
ཕུགས་བསམ་ལམ་ལྷོངས་བྱུང་བའི་ཉི་སྐྱིད་ལས་ཀ་བྱེད་སེམས་ལྡབ་བརྒྱ་འཕེལ་ནས་ཕྲུ་གུར་ལྟ་རྟོག་བྱེད་པ་བཞིན་བྱ་དེར་གཡོག་བྱེད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཟླ་བཅུ་པའི་རྗེས་དྲོད་ཚད་དེ་མུར་ཆག་ནས་བྱ་ཕྲུག་མང་པོ་ཞིག་མ་འཕྲོད་པར་ཤི་བ་རེད། ལོ་གཉིས་པའི་ཟླ་5པར། ཉམས་མྱོང་ཕྱོགས་སྡོམ་བྱས་རྗེས་ཉི་སྐྱིད་སོ་སོས་དངུལ་བཏང་ནས་ལྷོ་ཁའི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ནས་བོད་བྱ་600ཉོས་པ་དང་། རྫོང་ཞིང་ལས་དང་ཚན་རྩལ་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་གཏུག་བྱས་པ་དང་ཚན་རྩལ་པ་གསོ་ཚགས་ལ་མཛུབ་ཁྲིད་བྱེད་པར་མངགས་པས་གསོ་ཚགས་ཡག་པོ་བྱུང་ཡོད།
“གསོ་ཚགས་བྱས་པའི་བོད་བྱ་900ལྷག་ཙམ་ཟིན་པ་དང་ཉིན་ལྟར་སྒོ་ང་400ལྷག་ཙམ་གཏོང་གི་ཡོད” དེ་ནི་སྒར་རྫོང་གི་བྱ་གསོ་ར་བ་དང་པོ་དེ་ཡིན་པ་དང་། གསོ་ཚགས་ལེགས་གྲུབ་བྱུང་བའི་གཏམ་བཟང་གང་སར་ཁྱབ་ནས་མི་མང་པོ་ཞིག་ལྟ་སྐོར་དུ་ཡོང་སྟེ་ས་ཡུལ་དངོས་ནས་མཁོ་ཚོང་གི་གན་རྒྱ་བཞག་པ་ཡིན་ཞེས་ཉི་སྐྱིད་ཀྱིས་ངོ་སྤྲོད་བྱས།
2024ལོར། ཉི་སྐྱིད་ཁྱིམ་ལ་སྒོ་ང་བཙོངས་པ་ཁོ་ནའི་ཡོང་འབབ་སྒོར་ཁྲི་14ལྷག་ཙམ་བྱུང་ཡོད། ཕྱུག་པོ་ཆགས་པའི་ཉི་སྐྱིད་ཀྱིས་ཡུལ་མི་ཚོ་མ་བརྗེད་པར་ཁོང་ཚོར་བྱ་ཕྲུག་སྟེར་བ་མ་ཟད། ད་དུང་གསོ་ཚགས་བྱེད་སྟངས་བསླབས། ད་ཆ་ཉི་སྐྱིད་ཀྱི་སྣེ་ཁྲིད་འོག་ཡུལ་མི་ཆོས་འཛོམས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་སྟངས་དང་། ལྷག་སྒྲོན་གྱིས་གཟན་ཆག་སྡེབ་སྦྱོར་བྱེད་སྟངས། བདེ་སྐྱིད་ཀྱིས་བྱ་ཕྲུག་སྙོལ་སྟངས་སོགས་ཤེས་ཀྱི་ཡོད།
ཉི་སྐྱིད་ཀྱིས་སྔོན་ལ་ཚོད་ལྟ་བྱས་པ་བརྒྱུད། 2025ལོར་སྒར་རྫོང་གིས་ཧྲའན་ཤིས་ཀྱི་བོད་སྐྱོར་མ་དངུལ་མཐུན་སྦྱོར་བྱས་ནས་སྒོར་ཁྲི་400བཏང་སྟེ་བདེ་མཆོག་གྲོང་ཚོར་བྱ་གསོ་ར་བ་གསར་པ་ཞིག་བཙུགས། ད་ཆ་སྐྱེ་འཚར་བཟང་བའི་བོད་བྱ་600ཙམ་ལས་ཡུལ་མིར་འབབ་འཕར་ཡོང་བར་རེ་བ་གསར་པ་སྦྱིན།
དེས་མ་ཚད། བདེ་མཆོག་གྲོང་ཚོས་ད་དུང་ནོར་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་ལག་ལེན་བསྟར་བ་དང་། སྐྱེལ་འདྲེན་མཉམ་ལས་ཁང་བཙུགས་པ། དྲོད་ཁང་ཆེན་པོ་བསྐྲུན་པ་བཅས་ལས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་སོང་ནས་2025ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད།
མཐའ་མཚམས་མི་སེར་ཕྱུག་པོ་དང་མཐའ་མཚམས་ཡུལ་ལྗོངས་མཛེས་ལ། མཐའ་མཚམས་བརྟན་ཞིང་མཐའ་སྲུང་སྲ་བརྟན་ཡོད་པའི་བདེ་མཆོག་གྲོང་ཚོ་ནི་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ཞིག་དང་འདྲ་བར་བོད་ཀྱི་མཐའ་མཚམས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།