ཕྱི་རྒྱལ་མ་དངུལ་གྱིས་རང་རྒྱལ་ལ་མ་འཇོག་བྱེད་པའི་སྤྱིའི་མངོན་ཚུལ་ལེགས་སུ་འགྲོ་བཞིན་པ།
ཟླ་7ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་ཕྱི་དངུལ་གཏོང་ཡོང་གི་གྲངས་གཞིའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་ཅུས་ཀྲང་གཞོན་པ་ལི་པིན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན། ད་ལོ་ཚུན་དུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཕྱི་དངུལ་ཁྱབ་ཁོངས་སུ་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྒྱལ་སྒྲོལ་ཚོང་དོན་མ་འཇོག་བྱེད་མཁན་ལ་སྲིད་ཇུས་ཐད་སྟབས་བདེ་སྐྲུན་ཤུགས་ཆེ་རུ་གཏོང་བ། ཕྱི་དངུལ་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཀྱི་རྡབ་རྡེག་དང་འགྲན་སློང་ལ་ཁ་གཏད་གང་ལེགས་གཅོག་པ་བཅས་བྱས་ནས། ཕྱི་ཕྱོགས་དང་འབྲེལ་བའི་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། སྤྱི་ཡོངས་ནས་བལྟས་ན། ལོ་སྟོད་དུ་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་འཁོར་རྒྱུག་བརྟན་པོ་དང་ཉོ་ཚོང་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོད་པ་རེད།
ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གཏོང་ཡོང་གི་དངུལ་འབོར་གྱིས་ཟིན་ཐོ་གསར་པ་བཏོད་ཅིང་། ལོ་སྟོད་དུ་དངུལ་ཁང་གིས་ངོ་ཚབ་བྱས་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཡོང་འབབ་དང་གཏོང་སྒོ་ཨ་སྒོར་དུང་ཕྱུར་ཁྲི་9.2ཟིན་པ་དེ་དུས་མཚུངས་ལས་21%འཕར་བ་དང་། དངུལ་ཁང་གི་ཕྱི་དངུལ་རྩིས་རྒྱག་དང་ཕྱི་དངུལ་ཚོང་སྒྱུར་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་2.9ཟིན་པ་དེ་དུས་མཚུངས་ལས་24%འཕར་ནས། གཉིས་ཀས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཕྱི་དངུལ་གྱི་ཁྲོམ་རའི་ཉོ་ཚོང་བྱེད་ཚད་བརྟན་པོ་འཕར་ཞིང་། ལོ་སྟོད་དུ་མངའ་ཁོངས་ནང་གི་མི་དམངས་ཤོག་སྒོར་གྱི་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་22.1ཟིན་པ་དེ་དུས་མཚུངས་ལས་5%འཕར་བ་དང་འཕར་ཚད་2025ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.5ཡིས་མཐོ་བ་ཡོད་པ་རེད།
རྒྱལ་སྒྲོལ་མ་དངུལ་གཙང་འབྱོར་བྱུང་ཞིང་། ལོ་སྟོད་དུ་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་མ་དངུལ་ཨ་སྒོར་དུང་ཕྱུར་2472གཙང་འབྱོར་བྱུང་ཡོད།
ཕྱི་དངུལ་ཁྲོམ་རའི་སྔོན་དཔག་བརྟན་ཞིང་། ལོ་སྟོད་དུ་ཕྱི་དངུལ་རྩིས་རྒྱག་གི་འདོད་མོས་ཡོད་མཁན་ལ་ཕྱི་དངུལ་ཡོང་འབབ་རྩིས་རྒྱག་ཚད་65%ཟིན་པ་དང་ཕྱི་དངུལ་ཉོ་སྒྲུབ་འདོད་མོས་ཡོད་མཁན་ལ་ཕྱི་དངུལ་གཏོང་སྤྲོད་ཀྱི་ཕྱི་དངུལ་ཚོང་སྒྱུར་བྱེད་ཚད་61%ཟིན་པ་དེ་2025ལོ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་མེད།
“ད་ལོ་ཚུན་དུ། ཕྱི་ཕྱོགས་ཀྱི་རྡབ་རྡེག་འཕྲད་ཀྱང་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་བ་དེ་ཐོག་ནས་ནང་ངོས་ཀྱི་རྒྱུ་རྐྱེན་གྱིས་ཕྱི་དངུལ་ཁྲོམ་རའི་འཕེལ་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་གང་ལེགས་མཚོན་ཡོད། རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་ཚོང་དོན་ལས་གསོན་ཤུགས་ཆེ་ཙམ་མངོན་པ། ཕྱི་དངུལ་ཁྲོམ་རའི་མཉེན་ཤུགས་ཆེ་རུ་ཕྱིན་པ་བཅས་ཕྱོགས་མང་པོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གྱིས་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་མུ་མཐུད་རྒྱབ་སྐྱོར་ཐུབ་རྒྱུ་རེད”ཅེས་ལི་པིན་གྱིས་བརྗོད།
2023ལོ་ཚུན་དུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ལོ་3བསྟུད་མར་རྒྱལ་སྒྲོལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་གྱི་མང་འདུས་སྲིད་ཇུས་དང་སྔ་རྗེས་སུ་སྲིད་ཇུས་བྱེད་ཐབས་ཁག་20ཙམ་བཏོན་ནས། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། དུས་བབ་གསར་པའི་མདུན་དུ་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་སླར་ཡང་མང་འདུས་སྲིད་ཇུས་བཏོན་ནས། རྒྱལ་སྒྲོལ་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྩིས་ཡོད་པ་སྟེ།
གཅིག་ནི་ཐད་ཀར་མ་འཇོག་བྱེད་མཁན་ལ་སྟབས་བདེ་ཆེན་པོ་སྐྲུན་རྒྱུ་ཡིན་ཞིང་། མ་རྩའི་རྣམ་གྲངས་ཀྱི་ཕྱི་དངུལ་གཏོང་སྤྲོད་འགྲོ་ལུགས་སྔར་བས་སྟབས་བདེ་རུ་བཏང་ནས་ཕྱི་དངུལ་འགུགས་ཐབས་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། མ་དངུལ་གཏོང་བའི་ཞིབ་བཤེར་གོ་རིམ་ལྡན་པའི་ངང་སྟབས་བདེ་རུ་བཏང་ནས། ཁེ་ལས་ཀྱི་རྒྱུན་གཏན་གཉེར་སྐྱོང་གི་མ་དངུལ་ནུས་ཆེ་དང་སྟབས་བདེའི་ངང་སྤྱོད་ཐུབ་པར་འགན་ལེན་བྱེད་པ།
གཉིས་ནི་རྒྱལ་སྒྲོལ་མ་དངུལ་བསྡུ་རུབ་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། རྒྱལ་སྒྲོལ་མ་དངུལ་བསྡུ་རུབ་སྟབས་བདེ་ཅན་གྱི་སྲིད་ཇུས་སྤྱད་འཐུས་ཀྱི་བྱེད་པོའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས། རྒྱལ་ཡོངས་སུ་ལྗང་མདོག་ཕྱི་བུན་ཚོད་ལྟའི་ངང་ཁྱབ་གདལ་གཏོང་བ་དང་དུས་མཚུངས། ཁེ་ལས་ཀྱིས་རྒྱལ་སྒྲོལ་མ་དངུལ་བསྡུ་སྒྲིལ་བྱེད་པར་སྤྱི་ཁོག་ནས་དོ་དམ་གཟབ་ནན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྔར་བས་ལེགས་སུ་གཏོང་བ།
གསུམ་ནི་མ་རྩའི་རྣམ་གྲངས་ཀྱི་ལས་སྒོའི་ཐོ་འགོད་དོ་དམ་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ཐོ་འགོད་ལས་སྒོ་ཁག་གཅིག་དངུལ་ཁང་གིས་ཐད་ཀར་གཉེར་དུ་འཇུག་རྒྱུ་དང་འབྲེལ། མ་རྩའི་རྣམ་གྲངས་དྲ་ཐོག་ནས་གཉེར་བའི་ལས་སྒོའི་རིགས་མང་དུ་གཏོང་རྒྱུ་བཅས་རེད།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་མ་རྩའི་རྣམ་གྲངས་དོ་དམ་སིའི་སི་ཀྲང་ཤའོ་ཧྲེང་གིས། འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་བཏང་ནས། རེས་སྐོར་གསར་པའི་ཚད་ལོན་ས་ཁོངས་ནང་གི་སྒྲིག་གཞིའི་མ་འཇོག་མཁན་(QDII)གྱི་གྲངས་བཅད་མགྱོགས་མྱུར་སྤྲོད་ཐུབ་པར་བྱས་ཏེ། ས་ཁོངས་ཕྱིར་འཛིན་ལོར་མ་འཇོག་བྱེད་པའི་ས་ཁོངས་ནང་གི་ཡུལ་མིའི་དངོས་ཡོད་ལུགས་མཐུན་གྱི་དགོས་མཁོར་རྒྱབ་སྐྱོར་དང་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན་ཞེས་བརྗོད་པ་རེད།
ད་ལོ་ནས་བཟུང་། རང་རྒྱལ་ལ་མ་འཇོག་བྱེད་མཁན་ཕྱི་རྒྱལ་ཁེ་ལས་སྤྱིར་ན་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གཏོང་ཡོང་གི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པའི་བར། ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོར་རིགས་ཁག་གི་ཕྱི་དངུལ་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1600 ཙམ་འཕར་བ་དེ་ན་ནིང་གི་དུས་མཚུངས་ལས་མངོན་གསལ་དོད་པོས་ལེགས་པ་ཡོད། ཐད་ཀའི་མ་འཇོག་བྱེད་ཚུལ་ནས་བལྟས་ན། ཟླ་དང་པོ་ནས་ལྔ་པའི་བར། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་རྐང་དབང་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་500ལྷག་ཙམ་ཟིན་ཡོད། མ་དངུལ་གཏོང་ཕྱོགས་ནས་བལྟས་ན། ཕྱི་དངུལ་འགུགས་པའི་གྲུབ་ཚུལ་རྒྱུན་མཐུད་དཔེ་གསར་དང་ལེགས་སུ་ཕྱིན་ནས། ལོ་སྟོད་དུ་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཐད་ཕྱི་དངུལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་61%འཕར་ནས་སྤྱིའི་མ་འཇོག་བྱེད་ཚད་ཀྱི་36%བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།