ནང་མཁོ་རྒྱུན་མཐུད་རྒྱ་ཆེར་བཏང་ནས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
—— རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས《འཛད་སྤྱོད་རྒྱ་ཆེར་གཏོང་བའི “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
ཉེ་ཆར། 《འཛད་སྤྱོད་རྒྱ་ཆེར་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་འཛད་སྤྱོད་ཁྱབ་ཁོངས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་དམིགས་ཚད་དང་། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་གསལ་པོར་བཏོན་ཡོད། 《འཆར་འགོད》བཀྲམ་དོན་གང་ཡིན་ནམ། 《འཆར་འགོད》ལ་གཙོ་གནད་བཀོད་སྒྲིག་གང་དག་ཡོད་དམ། དེའི་ཐད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
དྲི་བ། 《འཆར་འགོད》ལ་ཁྱད་ཆོས་གང་ཞིག་ཡོད་དམ།
ལན། གཅིག་ནས་དམངས་ཆེད་དང་དམངས་ཕན་མངོན་གསལ་དོད་པོ་ཡོད་ཅིང་། འཛད་སྤྱོད་རྒྱ་ཆེར་གཏོང་བར་དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། 《འཆར་འགོད》ནང་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལམ་ལུགས་བཀོད་སྒྲིག་ཐད་རྒན་གསོ་དང་། བུ་བཅོལ། རིག་གནས་ཡུལ་སྐོར། བདེ་ཐང་སོགས་གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོར་དམིགས་ནས་སྤུས་ཚད་མཐོ་བའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་། ལས་སྟེགས་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་མང་གི་བྱེད་ཐབས་བརྒྱུད་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ཡོད།
གཉིས་ནས་སྤྱི་འདོམས་སྐུལ་འདེད་མངོན་གསལ་དོད་པོ་ཡོད་ཅིང་། འཛད་སྤྱོད་རྒྱ་ཆེར་གཏོང་བར་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ《འཆར་འགོད》ནང་དུས་ཐུང་དང་ཡུན་རིང་དང་། མཁོ་སྤྲོད་དང་དགོས་མཁོ། སྲིད་གཞུང་དང་ཁྲོམ་ར། འཛད་སྤྱོད་སྲིད་ཇུས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གཞན་དག་སོགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་སྣང་ཆེན་བྱེད་པ་དང་། འཛད་སྤྱོད་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་བྱ་ཐབས་དང་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་དང་དགོས་མཁོ་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ། ཁྲོམ་རའི་གཙོ་ཁྲིད་དང་སྲིད་གཞུང་གི་ཁྲིད་སྟོན་ལ་སྤྱི་འདོམས་བྱེད་པ། འཛད་སྤྱོད་ལ་དེ་བས་ཕན་པའི་སྲིད་ཇུས་ཀྱི་མ་ལག་གཏོད་པ་བཅས་བྱས་ཡོད།
གསུམ་ནས་གསར་གཏོད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོད་ཅིང་། འཛད་སྤྱོད་རྒྱ་ཆེར་གཏོང་བར་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་ཀྱིས་མིག་སྔའི་འཛད་སྤྱོད་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་དང་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། རྣམ་པ་གསར་པ་བཅས་རྒྱུན་ཆད་མེད་པར་ཐོན་པའི་འཕེལ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། 《འཆར་འགོད》ནང་གྲངས་འཛིན་འཛད་སྤྱོད་འཕེལ་རྒྱས་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཕུད་འགྲེམ་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ། ཉམས་ལེན་རྣམ་པའི་འཛད་སྤྱོད་སྐྱེད་སྲིང་བྱེད་པ་སོགས་ཀྱི་ལམ་ལུགས་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་འཛད་སྤྱོད་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།
དྲི་བ། 《འཆར་འགོད》ནང་དམིགས་ཚད་འདིང་སྐབས་བསམ་གཞིགས་གང་དག་བྱས་ཡོད་དམ།
ལན། 《འཆར་འགོད》ནང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་འབྲེལ་མཐུད་གང་ལེགས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཛད་སྤྱོད་ཁྱབ་ཁོངས་འཕེལ་རྒྱས་གཏོང་བའི་དམིགས་ཚད་བཏོན་པ་སྟེ།
འཛད་སྤྱོད་ཁྲོམ་རའི་སྤྱིའི་གཞི་ཁྱོན་རྒྱུན་མཐུད་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། གྲོང་མིའི་འཛད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་ཚོང་ཟོག་དང་ཞབས་ཞུའི་འཛད་སྤྱོད་འཕར་སྣོན་མགྱོགས་ཙམ་ཡོང་བར་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་60ལྷག་ཙམ་ཟིན་པར་བྱ་རྒྱུ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་བཅས་རེད།
འཛད་སྤྱོད་གྲུབ་ཆ་དེ་བས་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། གྲོང་མི་མི་རེའི་ཆ་སྙོམས་ཀྱི་ཞབས་ཞུ་རང་བཞིན་གྱི་འཛད་སྤྱོད་གཏོང་སྒོས་གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོའི་ནང་ཟིན་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཅན་དང་ལེགས་བཅོས་ཅན་གྱི་འཛད་སྤྱོད་རྒྱུན་མཐུད་འཕར་བར་བྱ་རྒྱུ། གྲངས་འཛིན་འཛད་སྤྱོད་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཚོགས་སྤྱི་བཅས་དབར་གྱི་འཛད་སྤྱོད་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ་རེད།
འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་མཉམ་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་དེ་བས་ལེགས་སུ་དང་དེ་བས་རྒྱུན་མཐུད་ཐུབ་པ། གྲོང་མིའི་འཛད་སྤྱོད་ཀྱི་གཏིང་ཤུགས་དེ་བས་ཆེ་བ་དང་། སྔོན་དཔག་དེ་བས་བརྟན་པ། ཡིད་ཆེས་དེ་བས་ཆེ་བ་བཅས་ཡོང་བར་བྱ་རྒྱུ་རེད།
དྲི་བ། 《འཆར་འགོད》ནང་གཙོ་གནད་ལས་འགན་གང་དག་བཀོད་སྒྲིག་བྱས་ཡོད་དམ།
ལན། 《འཆར་འགོད》ནང་ཆ་ཤས་གསུམ་ཚུད་ཡོད་ཅིང་། ཆ་ཤས་དང་པོ་ནི་སྤྱིའི་བླང་བྱ་ཡིན་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་འཕེལ་རྒྱས་དམིགས་ཚད་ཁ་གསལ་བཟོས་ཡོད། ཆ་ཤས་གཉིས་པ་ནི་གཙོ་གནད་ལས་འགན་ཡིན་ཞིང་། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་དང་དམངས་ཕན་ལ་སྐུལ་འདེད་གཏོང་བ་དང་། ཚོང་ཟོག་འཛད་སྤྱོད་རྒྱ་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། བྱེད་སྟངས་གསར་པ། རྣམ་པ་གསར་པ་བཅས་སྐྱེད་སྲིང་བྱས་ནས་གཏོད་པ། འཛད་སྤྱོད་ནུས་པ་ཤུགས་ཆེར་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཤུགས་ཆེན་གཏོང་བ་སོགས་ཕྱོགས་6ལ་དམིགས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་འཛད་སྤྱོད་རྒྱ་ཆེར་གཏོང་བའི་གཙོ་གནད་ལས་འགན་དང་བྱ་ཐབས་28བཀོད་སྒྲིག་བྱས་པ་རེད། ཆ་ཤས་གསུམ་པ་ནི་སྒྲིག་འཛུགས་དང་ལག་བསྟར་ཡིན་ཞིང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། འཆར་འགོད་དོན་འཁྱོལ་ལ་དམ་འཛིན་ཡག་པོ། འཛད་སྤྱོད་བསྡོམས་རྩིས་ལ་ཤུགས་སྣོན། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་པ་སོགས་ཀྱི་འགན་སྲུང་བྱེད་ཐབས་བཏོན་ཡོད། དེ་དང་ཆབས་ཅིག་དབུ་དཀར་དཔལ་འབྱོར་དང་། བུ་གསོའི་ཐོན་རྫས་དང་ཞབས་ཞུ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད། བདེ་ཐང་འཛད་སྤྱོད། རླངས་འཁོར་འཛད་སྤྱོད་སོགས་ལ་དམིགས་ནས་ཆེད་བསྒྲིགས་ལེའུ་9བཟོས་པ་དང་སྦྲགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་དོན་འཁྱོལ་བྱེད་ཐབས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།