དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་གི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་མིག་དཔེ་བཏོད་ཡོད”

    —— “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འཛམ་གླིང”གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་སྒྲིལ་གླེང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཝུན།   |     སྤེལ་དུས།  2026-07-20

    ཉེ་ཆར། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འཛམ་གླིང”གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཉིང་ཞ་རུ་འཚོགས་པ་རེད། རྒྱལ་ཁབ་50ལྷག་ཙམ་ནས་ཡོང་བའི་ཕྱི་རྒྱལ་སྲིད་ཏང་གི་འགོ་ཁྲིད་པ་120ལྷག་ཙམ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ། ཇུས་འདོན་ཚོགས་པའི་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་སོགས་ཀྱིས“དེང་རབས་ཅན་གྱི་ལམ་བུར་སྐྱོད་པ། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་འབྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་དང་འབྲེལ། ཉིང་ཞའི་ཞིང་ནང་དང་མུ་ཁ་དང་བཟོ་གྲྭའི་འཁོར་ཁང་དུ་བསྐྱོད་དེ་གང་སར་ཤིང་འབྲས་དང་སྔོ་ཚལ་གྱིས་ཁེངས་པའི་ཤིས་ཧའེ་ཀུའུ་ནས་ཐོན་ལས་དར་རྒྱས་ཆེ་བའི་མིན་ཉིང་གྲོང་རྡལ་བཅས་ལས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་བདེན་དཔང་བྱས་ཡོད།

    ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོས་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་ལམ་བུ་ཞིག་བཏོད་དེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབུལ་སྒྲོལ་ཐུབ་པར་བློ་སྟོབས་དང་ཡིད་ཆེས་ཆེ་རུ་བཏང་བ་མ་ཟད། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ཐད་ལ་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད་ཅེས་བརྗོད་པ་རེད།

    གནད་སྨིན་དབུལ་སྐྱོར།

    “ཀྲུང་གོ་གུང་ཁྲན་ཏང་མིའི་ནན་ཏན་དང་ཞིབ་ཚགས་ལ་མི་རྣམས་ཀྱི་བསྔགས་བརྗོད་ཐོབ་པ”

    གནད་སྨིན་དབུལ་སྐྱོར་དང་རིགས་དབྱེ་ཇུས་བསྟར་གྱི་སྲོག་ཤིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལས་བགོས་མཉམ་སྒྲུབ་དང་རིམ་པ་བཞིན་འགན་འཁྲི་འཁུར་བར་ཐུག་ཡོད། དེའི་ཁྲོད་ཀྱི་བྱེད་ཐབས་ནུས་ལྡན་ནི་ཀྲུང་གོའི་རྒྱལ་ཡོངས་ས་གནས་ཁག་ནས་ཕུལ་བྱུང་གི་ལས་བྱེད་པ་བདམས་ཏེ་གྲོང་གསེབ་ཏུ་ལས་ཀར་བཏང་བ་དང་ཧྲུའུ་ཅི་དང་པོ་ཡིན་པའི་ངོས་ནས་ས་གནས་དེ་གའི་གཞི་རིམ་ལས་བྱེད་པ་དང་མཉམ་དུ་དབུལ་སྒྲོལ་གྱི་ལས་འགན་ལྕི་པོ་འཁུར་ཡོད། ཐུང་ཤིན་རྫོང་མ་ཀའོ་ཀྲོང་ཤང་ཀྲའོ་ཅ་ཧྲུའུ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཀྲོའུ་ཏ་ཤིང་གིས་སྔ་རྗེས་སུ་གྲོང་ཚོ་གསུམ་ལ་ཧྲུའུ་ཅི་དང་པོའི་འགན་འཁུར་མྱོང་བ་དང་། ལོ་འཁོར་མོར་ཡུལ་མི་དང་མཉམ་ཟ་མཉམ་སྡོད་བྱས་ཏེ། གྲོང་ཚོར་སྲིད་ཇུས་འབྲེལ་མཐུད་དང་། རྣམ་གྲངས་བརྩོན་ལེན། མ་དངུལ་གྲབས་གསོག་བཅས་བྱེད་རོགས་བྱས་ཡོད།

    “ཀྲུང་གོའི་གྲོང་ཚོ་དབུལ་པོ་ཚང་མར་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་མངགས་ནས་བཅའ་སྡོད་བྱེད་པ་དེ་ནི་ལྷག་བསམ་རྣམ་དག་གི་དམག་མིས་དབུལ་པོ་སེལ་བའི་འཐབ་ཕྱོགས་མདུན་མར་བཅའ་སྲུང་བྱེད་པ་དང་གཉིས་སུ་མ་མཆིས” ཐ་ཇིག་སི་ཐན་སྤྱི་ཚོགས་ཏང་གི་ཀྲུའུ་ཞི་ཀུའུ་ལུའོ་མུའུ·ཧ་ལི་མུའུ་ཙུའོ་ཏ་ཡིས་གྲོང་སྡོད་ཧྲུའུ་ཅི་དང་པོའི་ལས་ཀའི་ནང་དོན་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་གནད་སྨིན་སྟོབས་ཤུགས་དེ་གཞི་རིམ་དུ་བཀོད་སྒྲིག་བྱེད་པའི་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་དབུལ་སྒྲོལ་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གལ་ཏེ་མིག་མཐོང་ལག་ཟིན་མ་བྱུང་ཚེ། ཧྥ་རན་སེའི་མཐུན་སྒྲིལ་ཡར་ཐོན་ཏང་གི་ལག་བསྟར་ཨུ་ཡོན་སའེ་པ་སི་ཏི་ཨན·ཏེ་ལུའོ་ཞུང་གིས་མིག་མདུན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་དེ་དུས་རབས་འདིའི་དུས་འགོར་ཐང་རྒོད་གྲམ་ཐང་ཞིག་ཡིན་པ་ཡིད་མི་ཆེས་ཤིང་། ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ནི་ཀྲུང་གོའི་སྐྱེ་ཁམས་གནས་སྤོས་ཡུལ་མིའི་དབུལ་སྐྱོར་གསར་སྤེལ་ཁུལ་ཆེ་ཤོས་དེ་ཡིན་པ་དང་དུས་རབས་20པའི་ལོ་རབས་90པའི་དུས་མཇུག་ཏུ་ཀྲུང་གོས་ཤིས་ཧའེ་ཀུའུ་ས་ཁུལ་གྱི་འཚོ་གནས་ཆ་རྐྱེན་ཅུང་ཞན་པའི་དུད་ཚང་དབུལ་པོ་ཁྲི་20ལྷག་ཙམ་དེ་གར་གནས་སྤོ་བཀོད་སྒྲིག་བྱས་པ་དང་འབྲེལ་རིམ་པ་མང་བའི་ཆུ་འཐེན་ས་ཚིགས་བསྐྲུན་ནས་དེ་གར་རྨ་ཆུ་ཁྲིད་ཡོད།

    “གནས་སྤོས་ཡུལ་མི་གནས་སྤོ་བ་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་ས་ཆ་དེའི་མི་ཚོས་དབུལ་པོར་ཁ་གཏད་གཅོག་པའི་ཐབས་ཤེས་རྙེད་ཡོད”ཧུང་སི་པའོ་ཆུས་ཧུང་སི་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོར་ཏེ་ལུའོ་ཞུང་གིས་གྲོང་ཚོའི་ལས་མིར་གསོ་སྦྱོང་དང་། བཤས་ཕྱུགས་གསོ་ཚགས། ཁེ་ལས་ཀྱི་རོགས་སྐྱོར་སོགས་དབུལ་སྒྲོལ་བྱེད་སྟངས་ཤེས་རྟོགས་བྱས་རྗེས་སྙིང་དབུས་ནས་བསྔགས་བརྗོད་བྱས་ཤིང་། གཞི་རིམ་ལས་བྱེད་པས་རྟག་ཏུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དུད་ཚང་དབྱེ་ནས་ཐབས་ཇུས་ལག་ལེན་བསྟར་བ་མ་ཟད། དུད་ཚང་རེ་རེ་བཞིན་ལ་དབུལ་སྒྲོལ་དང་དབུལ་ལོག་སྔོན་འགོག་འཆར་གཞི་བཟོས་པ་ཤེས་རྗེས། ཁོང་གིས“གྲོང་གསེབ་ཀྱི་ལས་དོན་གནད་སྨིན་དང་དངོས་སྒྲུབ་དེ་ལྟར་བྱས་སྟབས་ཀྲུང་གོ་གུང་ཁྲན་ཏང་མིའི་ནན་ཏན་དང་ཞིབ་ཚགས་ལ་བསྔགས་བརྗོད་བྱེད་རིན་ཡོད་པ་ཞིག་འདུག”ཅེས་བརྗོད་པ་རེད།

    ཁུལ་ཁོངས་མཉམ་ལས།

    “ཞིང་ཆེན་མི་འདྲ་བའི་དབར་གྱི་མཐུན་སྒྲིལ་རོགས་རེས་ནི་ཀྲུང་གོའི་ལམ་ལུགས་ཀྱི་གསར་གཏོད་ཅིག་རེད”

    “ཟླ་བ་རྗེས་མར་ཧྥུའུ་ཅན་དུ་ལོག་གི་ཡིན། འོན་ཀྱང་ངས་ནམ་ཡང་ཉིང་ཞ་ཕ་ཡུལ་གཉིས་པར་བརྩི་གི་ཡིན”ཞེས་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་བཞི་པའི་ཉིང་སྐྱོར་ལས་དོན་རུ་ཁག་གི་རུ་མི་ལི་ཧུའེ་ཆིན་གྱིས་བགྲོ་གླེང་ཚོགས་འདུའི་ཐོག་ཉིང་ཞ་རུ་རོགས་སྐྱོར་བྱེད་རིང་གི་རང་ཉིད་ཀྱི་ཉམས་མྱོང་དང་དེ་ནས་འབྲལ་མི་ཕོད་པའི་མྱོང་བ་མཉམ་སྤྱོད་བྱེད་སྐབས། མིག་ལ་མཆི་ཞག་ཡང་ཡང་འཁོར་ཡོད། ཉིང་ཞ་རུ་སླེབས་ནས་ལོ་5སོང་རིང་ཁོང་གིས་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དུ་གཞིས་ཚུགས་པ་དང་། ཕྱོགས་གཅིག་ནས་ས་གནས་དེ་གའི་ཚོང་འགུགས་མ་འདྲེན་དང་ཕྱོགས་གཞན་ཞིག་ནས་དྲ་ཚོང་གི་ཕྱིར་ཚོང་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཞིང་ཞོར་ཐོན་རྫས་བྲིན་ཁ་མི་རྒྱུགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    ལོ་མང་རིང་། ཧྥུའུ་ཅན་གྱི་ལས་བྱེད་པ་དང་སྨན་པ། དགེ་རྒན་སོགས་ཤེས་ལྡན་པ་འབོར་ཆེན་ཉིང་ཞ་རུ་ལས་གནས་སྦྱར་བྱས་ཏེ་ས་གནས་དེ་གའི་ཞིང་ལས་དེང་རབས་ཅན་དང་། དབུལ་སྐྱོར་གནས་སྤོ། རྨང་གཞིའི་སློབ་གསོ་སོགས་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། ཧྥུའུ་ཅན་གྱིས་ལོ་ལྟར་ཆེད་དོན་མ་དངུལ་འབོར་ཆེན་བཏང་ནས་མིན་ཉིང་རོགས་ལས་ཐད་སྤྱད་པས། ཧྥུའུ་ཅན་དང་ཉིང་ཞ་གྲོང་ཁྱེར་དང་རྫོང་ཡོངས་སུ་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ཆགས་ཡོད།

    “ཞིང་ཆེན་མི་འདྲ་བའི་དབར་གྱི་མཐུན་སྒྲིལ་རོགས་རེས་དེ་དག་ནི་ཀྲུང་གོའི་ལམ་ལུགས་ཀྱི་གསར་གཏོད་ཅིག་རེད”ཨེ་ཅིབ་གུང་ཁྲན་ཏང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡ་ཤིར·མའེ་མོང་མིན་ཉིང་གྲོང་རྡལ་དུ་ཡོང་ནས་དེ་གར་ཧྥུའུ་ཅན་གྱིས་ལོ་མང་རོགས་སྐྱོར་བྱས་པ་བརྒྱུད་ཐོན་ལས་དར་རྒྱས་དང་འཚོ་བར་སྟབས་བདེ་བསྐྲུན་པའི་ཡོང་འབབ་ཀྱི་འབྱུང་ཁུངས་སུ་གྱུར་པ་ཤེས་སྐབས། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ནི་ཀྲུང་གོའི་དབུལ་སྐྱོར་བྱ་གཞག་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་མྱོང་ཚོར་ཆེན་པོས་བརྗོད་པ་རེད།

    རི་སྔོན་ཆུ་དྭངས།

    “དབུལ་པོ་ཉུང་གཏོང་གི་བྱ་གཞག་དང་སྐྱེ་ཁམས་སྲུང་སྐྱོང་གི་བྱ་གཞག་ནི་འབྲེལ་ཟབ་གཅིག་གྱུར་ཡིན”

    དབྱིན་ཁྲོན་གྲོང་ཁྱེར་གྱི་ཉེ་འདབས་དང་ཧོ་ལན་རི་བོའི་འདབས་སུ་བསིལ་རླུང་དལ་གྱིས་ལྡང་ཞིང་། མིག་མདུན་གྱི་སྔོ་ཐིང་ཐིང་གི་རྒུན་འབྲུམ་ལྡུམ་ར་དེ་མཐོང་བ་ན། ཐན་ཙན་ནི་ཡའི《རང་དབང་ཚགས་པར》གསར་འགྱུར་པུའི་རྩོམ་སྒྲིག་པ་གཙོ་བོ་སུའུ་ལའེ་མན·ཆུང་ཀེ་དགའ་ཚོར་དཔག་མེད་སྐྱེས།

    ཡུལ་དེ་གའི་ཆང་སྙོལ་མཁན་ལིའུ་ལི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ས་ཕྱོགས་དེའི་རྒུན་འབྲུམ་ལྡུམ་ར་ཁག་གཅིག་ཐང་རྒོད་དུ་བསྐྲུན་ནས་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་བྱེད་ནུས་འདོན་གྱི་ཡོད་པ་དང་། ཁག་གཅིག་བེད་མེད་དུ་བསྐྱུར་བའི་གཏེར་དོང་ཐོག་བསྐྲུན་ནས་སྐྱེ་ཁམས་སླར་གསོ་ཡོང་བར་གཞོལ་གྱི་ཡོད། རྒུན་འབྲུམ་ལྡུམ་རའི་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ལས་ཡུལ་དེ་གའི་རྒུན་འབྲུམ་ལྡུམ་ར200ལྷག་ཙམ་གྱིས་གྲོང་མི་ཁྲི་10ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ལིའུ་ལི་ཡང་དེའི་གྲས་ཤིག་ཡིན་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག་ཧྲི་ཙུའེ་ཧྲན་གྲོང་ཁྱེར་ཕིང་ལུའོ་རྫོང་མིའོ་མིའོ་ཧུའུ་གྲོང་ཚོ་ནས་ཡོང་བའི་མ་ཡན་ལུང་གིས་བྱེ་བཅོས་ཀྱི་གཏམ་རྒྱུད་བརྗོད་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། དབུལ་སྐྱོར་ལས་བྱེད་པས་ཡུལ་མི་ཁྲིད་དེ་ཤིང་སྡོང་ཁྲི་40ལྷག་ཙམ་བཙུགས་ནས་མུའུ་2000ལྷག་ཙམ་ལ་ནགས་ཚལ་བཏབ་པས་སྐྱེ་ཁམས་ལེགས་སུ་ཕྱིན་པའི་ཁར་ཡུལ་དེ་གར་ཉི་འོད་ཕུན་སུམ་ཚོགས་པ་དང་ཉིན་མཚན་གྱི་དྲོད་ཁྱད་ཆེ་ཞིང་། དེ་སྔའི་བྱེ་ས་དེ་ཤིང་འབྲས་དང་སྔོ་ཚལ་འདེབས་ས་ཡག་པོ་ཞིག་ཏུ་གྱུར་ཡོད། ད་ཆ་གྲོང་མི་ཚོས་བྱེ་ཐང་གི་ཀྲོ་མ་ཀྲུ་དང་བྱེ་ཐང་གི་ཞོག་ཁོག་སོགས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་བཏབ་པས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་2900ནས་སྒོར་ཁྲི་2ལྷག་ཙམ་བར་འཕར་ཡོད།

    “ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་དང་སྐྱེ་ཁམས་སྲུང་སྐྱོང་གི་བྱ་གཞག་ནི་འབྲེལ་ཟབ་གཅིག་གྱུར་ཡིན”ཐུར་ཁེའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཅང·པིར་ཅི་ཆིར་གྱིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་དེ་རང་བྱུང་ཁམས་ནས་ཐོན་ཁུངས་ལེན་རྐྱང་བྱེད་པ་ཞིག་མིན་པར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཁྲོད་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཐབས་བྱེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།