པར་ཙིར་གྱི་འཛད་སྤྱོད་པས་ཀྲུང་གོའི་སྤུས་རྟགས་ལ་དགའ་པོ་བྱེད་པ།

འདི་ནི་པར་ཙིར་གྱི་པ་དབྱི་ཡཱ་ཀྲོའུ་པི་ཡ་ཏི་བཟོ་གྲྭ་ནས་པར་བླངས་པའི་ནུས་གསར་རླངས་འཁོར་ཡིན་པ།
པར་ཙིར་གྱི་ས་ཆ་གང་སར་ཀྲུང་གོའི་སྤུས་རྟགས་མཐོང་རྒྱུ་ཡོད་ཅིང་། པར་ཙིར་གྱི་འབྱོར་པ་ཅན་མང་པོས་པི་ཡ་ཏི་རླངས་འཁོར་གཏོང་བ་དང་། ཧྭ་ཝེ་ཁ་པར་སྤྱོད་པ། ཧའེ་ཤིན་བརྙན་འཕྲིན་བལྟ་བ། ཏིར་ཏིར་ཕྱིར་སྐྱོད་ཀུང་སིའི་ཁོངས་གཏོགས་ཀྱི་ཉོ་སྐྱེལ་ལས་སྟེགས་99Foodནས་ཟ་མ་ཉོ་བ་སོགས་བྱེད་ཀྱི་ཡོད། ཀྲུང་གོ་དང་པར་ཙིར་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཁེ་ལས་ཀྱི་ཡོངས་བསྒྲགས་ཆ་འཕྲིན་ནས་འཚོལ་བསྡུ་བྱས་པའི་གྲངས་གཞི་གཞིར་བཟུང་། 2025ལོར་ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་དུ་ཉུང་མཐར་ཡང་མ་དངུལ་ཨ་སྒོར་དུང་ཕྱུར་60བཏང་ཡོད་པ་རེད།
2025ལོའི་ཟླ་8པར། དེ་སྔའི་མའེ་སའེ་ཏེ་སི—པེན་ཁྲི་ཀུང་སིའི་ཁོངས་གཏོགས་ཀྱི་བཟོ་གྲྭ་ཞིག་ཏུ་ཁྲང་ཁྲེང་རླངས་འཁོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། 2025ལོའི་ཟླ་10པར། པི་ཡ་ཏིས་པར་ཙིར་བྱང་རྒྱུད་ཀྱི་དེ་སྔའི་ཧྥུའུ་ཐེ་བཟོ་གྲྭ་ཞིག་གི་གནས་ཡུལ་རྙིང་པར་བཟོ་གྲྭ་བཙུགས་པ་དེ་ནི་ཨེ་ཤེ་ཡའི་བཟོ་གྲྭ་ཕུད་པའི་པི་ཡ་ཏིའི་བཟོ་གྲྭ་ཆེ་ཤོས་དེ་རེད། 2025ལོའི་ཟླ་11པར། ཅི་ལི་ཡིས་ལེ་ནོ་པར་ཙིར་ཀུང་སིའི་མ་རྐང་26%ཉོ་སྒྲུབ་བྱས་པ་དང་པར་ཙིར་གྱི་ལྷོ་རྒྱུད་དུ་བཟོ་གྲྭ་ཞིག་ཡོད། པི་ཡ་ཏི་དང་ཁྲང་ཁྲེང་རླངས་འཁོར་ནི་ན་ནིང་པར་ཙིར་དུ་འཕར་ཚད་མགྱོགས་ཤོས་ཀྱི་རླངས་འཁོར་སྤུས་རྟགས་ཡིན་པ་རེད།
ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་ད་དུང་ཚོང་ལས་ཀྱི་གོ་སྐབས་གསར་པ་ཞིག་རྙེད་པ་དེ་ནི་གློག་དྲར་གློག་རྫས་ནུས་གསོག་མ་ལག་མཁོ་འདོན་བྱེད་པ་དེ་རེད། པར་ཙིར་གྱིས་ད་ལོའི་ཟླ་12པར་གློག་རྫས་ནུས་གསོག་རྣམ་གྲངས་ཀྱི་འོས་སྐུལ་ཐེངས་དང་པོ་བྱེད་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་ཨ་སྒོར་དུང་ཕྱུར་15ཡི་མ་དངུལ་བཀུག་ནས་ཉི་ནུས་དང་རླུང་ནུས་ཀྱི་གློག་ཤུགས་ལྷག་མ་གསོག་ཐུབ་པ་མ་ཟད། གྲངས་གཞིའི་ལྟེ་གནས་ལ་གློག་མཁོ་འདོན་བྱེད་ཐུབ་པའི་གློག་རྫས་མ་ལག་བཀོད་སྒྲིག་བྱེད་པར་སྤྱོད་རྒྱུ་རེད། ད་ལོའི་ཟླ་6པར། པི་ཡ་ཏིས་གོམ་སྟབས་རྗེས་མ་པར་ཙིར་གྱི་གློག་རྫས་ཁྱབ་ཁོངས་སུ་གཅིག་སྡུད་མ་འཇོག་བྱེད་པའི་ཁྱབ་བསྒྲགས་བྱས་ཤིང་། པར་ཙིར་གྱི་ལིས་ཐོན་སྐྱེད་ཚོང་དུད་ཆེ་ཤོས་ཤིས་ཀེ་མ་ལིས་ལས་ཀུང་སིའི་ཏན་ཉིར·ཨ་པུའུ་ཏུའོ་ཡིས། སྨི་ནཱ་སི་ཅི་ལཱ་སི་ཀྲོའུ་ཨ་ལཱ་སུའུ་ཨ་དབྱི་རུ་གནས་པའི་ཀུང་སིའི་གཏེར་ཁུལ་གཙོ་བོར“ཀྲུང་གོའི་སྐུ་མགྲོན་གྱིས་ཁེངས་འདུག”ཅེས་བརྗོད་པ་རེད།
པར་ཙིར་མང་ཚོགས་ཀྱིས་ཀྲུང་གོར་ཧ་ཅང་དགའ་པོ་བྱེད་ཅིང་། དབྱིན་ཇིའི“སྤྱི་དམངས་སྔོན་འཇོག”ཀུང་སིའི་དམངས་འདོད་བརྟག་དཔྱད་ལས་མངོན་པར། ཕལ་ཆེར་པར་ཙིར་བ་ཕྱེད་ཀ་ཙམ་གྱིས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཀྲུང་གོ་ནི་འཛམ་གླིང་གི་སྔོན་ལ་སླེབས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་དང་བསྡུར་ན་ཨ་རི་སྔོན་ལ་སླེབས་པའི་ངོས་འཛིན་བྱེད་མཁན་པར་ཙིར་བ་39%ལས་མེད་པ་རེད།
—— དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》གཟའ་འཁོར་དུས་དེབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།