མཚོ་སྔོན་ཞིང་ཆེན་གྱི་2026ལོའི་འཚོ་རྟེན་ལས་སྤྲོད་ཀྱི་མ་འཇོག་གཞི་ཁྱོན་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོར་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་གི་འཚོ་རྟེན་ལས་སྤྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་6.91དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་8980མང་དུ་ཕྱིན་པ་དང་དུས་མཚུངས་ལས་14.93%འཕར་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། མིག་སྔར་མ་འཇོག་གི་འཆར་གཞི་ཞིང་ཆེན་དེ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)27ལ་གཤམ་སྤྲོད་བྱས་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་151ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ལས་ཞུགས་ཀྱི་ལས་གནས་ཁྲི་1.7བཏོད་དེ་ལས་མི་མང་ཚོགས་ལ་ངལ་ནུས་གླ་ཆ་སྒོར་དུང་ཕྱུར་2.8ལས་མི་ཉུང་བ་སྤྲོད་ཐུབ་རྒྱུ་དང་། ལས་མི་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.65ཙམ་ཡོང་རྒྱུ་རེད་ལ། མི་ཁྲི་1ལྷག་ཙམ་ལ་གསོ་སྦྱོང་ཐུབ་རྒྱུ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་170ལྷག་ཙམ་བཀོད་སྒྲིག་ཀྱང་ཐུབ་རྒྱུ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་འཚོ་རྟེན་ལས་སྤྲོད་ཀྱི་ཆེད་དོན་རྒྱབ་སྐྱོར་བྱ་ཡུལ་གཙོ་གནད་དང་མ་དངུལ་གཏོང་ཕྱོགས་ལ་དམ་པོར་དམིགས་ཏེ། “གཅིག་སྡུད་ཡུག་སྦྲེལ་དང་གཅིག་སྡུད་ལག་བསྟར”གྱི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དང་ཀྲོའུ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་གྲབས་གསོག་མཛོད་གསེད་བཀྲོལ་གྱིས་བཙུགས་ཏེ། བབ་བསྟུན་ལེགས་སྒྲིག་དང་འགྲིལ་འདེད་གྲབས་གསོག་བྱས་ཡོད། འཚོ་རྟེན་ལས་སྤྲོད་ཀྱི་གཙོ་གནད་རྫོང(གྲབས་གསོག་རྫོང་གཙོ་བོ)11དུས་གཅིག་ཏུ་ཞིབ་འཇུག་གཏན་འཁེལ་བྱས་ཏེ། ཞིང་ལས་གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་འབྲིང་ཆུང་དང་ གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགས་ནས་ཇུས་འགོད་བཀོད་སྒྲིག་གནད་སྨིན་ཡོང་བར་བྱས་པ་རེད།
ཞིང་ལས་དང་གྲོང་གསེབ་དང་། ཆུ་བེད། སྡོད་ཁང་འཛུགས་སྐྲུན། ནགས་ཚལ་དང་རྩྭ་ཐང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་ཁག་དབར་འཚོ་རྟེན་ལས་སྤྲོད་ཀྱི་ཐིང་དབར་གྱི་མཉམ་འབྲེལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཚོགས་སྤྱིའི་ཁྱབ་ཚུལ་དང་། འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ཀྱི་དགོས་མཁོ། ད་ཡོད་ཀྱི་མ་དངུལ་གྱི་ཐབས་ལམ་དང་གཏོང་ཕྱོགས་བཅས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། འཕེལ་སྒྱུར་ཨུ་ལྷན་ནང་ཁུལ་གྱི་ལས་སྒོའི་ཁྲུའུ་དང་ཁང་གི་འབྲེལ་མཐུད་ལ་དུས་མཚུངས་སུ་ཤུགས་སྣོན་བརྒྱབ་ནས། འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་རང་ཚུགས་རང་བཞིན་དང་གནད་སྨིན་རང་བཞིན་སྔར་བས་མངོན་པར་བྱས་པ་རེད། “ཞིང་ཆེན་གྱིས་སྤྱི་འགན་འཁུར་བའི”ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཀྱི་ཞིབ་བཤེར་སྐར་གྲངས་དཔྱད་བསྡུར་རེའུ་མིག་ཞིབ་འཇུག་བྱས་ནས་བཟོས་པ་དང་། ལས་སྒོའི་ཁྲུའུ་དང་ཁང་དང་ཕྱོགས་གསུམ་པའི་སྒྲིག་གཞིའི་ཆེད་ལས་མི་སྣས་གྲུབ་པའི་ཞིང་ཆེན་རིམ་པའི་རྣམ་གྲངས་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རྣམ་གྲངས་ཀྱི་འགྲོ་གྲོན་དང་ངལ་ནུས་ཐོབ་ཆའི་ལུགས་མཐུན་རང་བཞིན་སོགས་ལ་གཙོ་གནད་ཐོག་དམིགས་ནས་གཅིག་སྡུད་ཞིབ་བཤེར་གྱིས་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིངས་པ་རེད།
འབྲེལ་ཡོད་གསར་འགྱུར།