དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མི་མེད་ལུང་སྟོང”ནས་འཁྱགས་རོམ་གྱི་འགྱུར་བར་ལྟ་ཞིབ་ཚད་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2026-07-20

    ལྷ་སར་ཡོད་པའི་བོད་ལྗོངས་ས་མཐོའི་རླུང་ཁམས་ཆེན་མོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་དུ་མཐོ་རིམ་ལག་རྩལ་ཆེ་མོ་བ་ལྷག་པ་སྒྲོལ་མས་གློག་ཀླད་ཀྱི་མདུན་དུ་བསྡད་དེ། འཁྱགས་རོམ་གྱི་སྲུང་སྐར་བརྙན་པར་4ལ་ནན་ཏན་གྱིས་ལྟ་བསྡུར་བྱེད་བཞིན་ཡོད། “སྤྲིན་སྣེ”ནས་ཕབ་ལེན་བྱས་པའི་པར་རིས་དེ་དག་ནི་ལྷག་པ་སྒྲོལ་མ་དང་ཚོགས་པས་མཚོ་བོད་ས་མཐོའི་འཁྱགས་རོམ་ལ་བརྒྱབ་པའི“CTགློག་པར”རེད།

    མཚོ་བོད་ས་མཐོའི་ས་བབ་མཐོ་པོ་དང་དྲོད་ཚད་དམའ་པོ་ཡོད་པས“CT”རྒྱག་རིམ་བཞིན་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད།

    ཐེངས་ཤིག་ཚོགས་པས་བྱང་རྩྭ་ཐང་དུ་ཚན་རིག་རྟོག་ཞིབ་བྱེད་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཟིན་མོད། འོན་ཀྱང་ཚོགས་པའི་ཁོངས་མིས་འཕྲུལ་ཆས་བཀོད་སྒྲིག་དང་སྒྲིག་ཆས་བེད་སྤྱོད་བྱས་ཏེ། ཐེངས་གཅིག་ལ་གྲངས་གཞི་སྤྱིར་ན་ཚང་མ་འཚོལ་བསྡུ་བྱས་ཤིང་། འཕྲུལ་ཆས་ཀྱི་འགྲམ་དུ་བསྡད་ནས་པར་རིས་བསྡུ་ལེན་བྱེད་རིང་ཚང་མ་འཁྱགས་ནས་འདར་སིག་ཤོར། གློ་བུར་དུ་སྒྲིག་ཆས་ལ་སྐྱོན་ཤོར་ནས་གྲངས་གཞི་འཚོལ་བསྡུ་བྱེད་ཐབས་བྲལ། སྐབས་འདིར“ས་བབ་མཐོ་བ་དང་དྲོད་ཚད་དམའ་བས་སྒྲིག་ཆས་ལའང་སྐྱོན་ཤོར་སོང”ཞེས་ཚོགས་པའི་ཁོངས་མིས་བཤད།

    “སྒྲིག་ཆས་ལའང་འཁྱགས་པ་ཐེབས་ཀྱི་འདུག་པས་མི་ནི་དེ་བས་ཀྱང་ཤོད་མི་དགོས་པ་ཞིག་རེད”ཅེས་ལྷག་པ་སྒྲོལ་མས་བཤད། ས་མཐོའི་དྲོད་ཚད་ཤིན་ཏུ་དམའ་པོ་ཡོད་པ་ལས་རྟག་ཏུ་ཚན་ཞིབ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།

    བོད་དུ་ནམ་མཁའ་གཡའ་དག་པའི་ཉིན་གྲངས་མང་བ་དེ་འོད་རིག་སྲུང་སྐར་ལྟ་དཔྱད་ཚད་འཇལ་བྱེད་པར་ཕན་ཐོགས་པ་ཞིག་ཡིན་མོད། འོན་ཀྱང་གྲངས་གཞི་ཐག་གཅོད་བྱ་རྒྱུ་ནི་སྔར་བཞིན་དཀའ་གནད་ཅིག་རེད། “འཁྱགས་རོམ་གྲུབ་པར་ལོ་དང་ཟླ་བ་བགྲང་ལས་འདས་པ་དགོས། རི་བོ་མཐོ་དམའི་བར་ཁྱད་ཆེ་བའི་གནས་སུ་འཁྱགས་རོམ་ངོས་སུ་རྡོ་ཧྲུག་དང་བྱེ་ས་བཀབ་ནས་ལྷད་རྫས་བང་རིམ་ཞིག་ཆགས་ཀྱི་ཡོད། དེས་ན་རྒྱང་ཚོར་འོད་རིམ་དཔྱད་ཆས་ཀྱིས་ལྷད་རྫས་དང་ཉེ་འགྲམ་གྱི་བྲག་རྡོ་དབྱེ་བ་གསལ་པོ་འབྱེད་ཐུབ་ཀྱི་མེད”ཅེས་དང་དེའང་རྒྱལ་སྤྱིའི་འཁྱགས་རོམ་རྒྱང་ཚོར་དབྱེ་འབྱེད་ཐད་ཀྱི་ཀུན་གྱིས་ཁས་ལེན་པའི་ལག་རྩལ་གྱི་དཀའ་གནད་ཅིག་རེད་ཅེས་ལྷག་པ་སྒྲོལ་མས་བཤད།

    དུས་རབས་ཕྱེད་ཀ་ཙམ་རིང་མཚོ་བོད་ས་མཐོའི་འཁྱགས་རོམ་དང་འཁྱགས་མཚོར་འགྱུར་ལྡོག་བྱུང་ཚུལ་བཀོད་འབྲི་གནད་སྨིན་བྱེད་ཆེད། ཚན་ཞིབ་ཚོགས་པས་གནམ་གཤིས་སྲུང་སྐར་གྱི་ལོ་44རིང་གི་བརྙན་པར་གྲངས་གཞི་གསེད་བཀྲོལ་བྱས་ཤིང་། རྟག་ཏུ་འཁྱགས་རོམ་སར་བསྐྱོད་པ་མིན་ན་གློག་ཀླད་ཀྱི་མདུན་དུ་ཆུ་ཚོད་མང་པོར་འཁྱགས་རོམ་གྱི་ས་མཚམས་རེ་རེ་བཞིན་ཞིབ་ཅིང་ཕྲ་བར་འབྱེད་ནས་བསྡད་ཀྱི་ཡོད།

    ལོ་བཅུ་ཕྲག་ཁ་ཤས་རིང་། ས་མཐོའི་ཚན་ཞིབ་ཚོགས་པ་དེས་དཔྱད་རྩོམ་གངས་ལྗོངས་ཀྱི་ས་གཞི་ཆེན་པོའི་ཐོག་བྲིས་ཡོད་ལ་སྲུང་སྐྱོང་རྒྱུན་འཛིན་ཡང་བྱས་ཡོད། “ས་མཐོའི་འཁྱགས་རོམ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོ་ཚན་ཞིབ་ལས་དོན་པ་མི་རབས་འདིའི་འགན་འཁྲི་ཡིན”ཞེས་ལྷག་པ་སྒྲོལ་མས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།