རྒྱལ་ཁབ་གཅིན་སྙི་ཟགས་ཁུའི་ནད་འགོག་ཟོན་ཚད་ལྡན་གྱི་བོད་ཀྱི་ཡན་ལག་ལྟེ་གནས་ཐོག་མ་ལྷོ་ཁར་བཙུགས་པ།
ཉིན་ཤས་གོང་། ཧུའུ་ནན་སྨན་བཅོས་བོད་སྐྱོར་གྱི་ཚད་བརྒལ་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་རྒྱལ་ཁབ་གཅིན་སྙི་ཟགས་ཁུའི་ནད་འགོག་ཟོན་ཚད་ལྡན་གྱི་བོད་ཀྱི་ལྟེ་གནས(DPCC)ཐོག་མ་ལྷོ་ཁ་གྲོང་ཁྱེར་ཡན་ལག་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་ལས། ཧུའུ་ནན་སྨན་བཅོས་བོད་སྐྱོར་གྱིས་སྲོལ་རྒྱུན་ལག་རྩལ་རོགས་སྐྱོར་བྱེད་པའི་རྣམ་པ་ཁོ་ན་རྦད་དེ་མཇུག་འགྲིལ་ཏེ། བརྒྱུད་རིམ་ཅན་དང་ལམ་ལུགས་ཅན་གྱི་སྨན་བཅོས་མ་ལག་འཛུགས་སྐྱོང་བར་རིམ་སྤོར་ཆེན་པོ་བྱུང་བ་མཚོན་གྱི་ཡོད། དེས་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གཅིན་སྙི་ཟགས་ཁུའི་ནད་འགོག་ཟོན་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་གི་སྟོང་ཆ་བསྐངས་ནས། ས་མཐོའི་གཅིན་སྙི་ཟགས་ཁུའི་ནད་འགོག་ཟོན་ཚད་ལྡན་ཅན་དང་། ཚད་གཞི་ཅན། བརྒྱུད་རིམ་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་2020ལོར་ལུས་པོའི་ཟགས་ཁུ་དང་སྙིགས་དོར་གསར་ལེན་ནད་གཞིའི་རྒྱལ་ཁབ་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་ཀྱིས་འགོ་བཙུགས་ཤིང་། རིག་ལྡན་ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ཏེ། “རྒྱལ་ཁབ་དང་། ཞིང་ཆེན་རིམ་པ། གྲོང་ཁྱེར་དང་རྫོང་རིམ་པ། གཞི་རིམ”བཅས་རིམ་བཞི་མཉམ་འགུལ་གྱི་དལ་བའི་ནད་འགོག་ཟོན་གྱི་ལམ་སྲོལ་བཙུགས་ནས། གནད་སྨིན་འཐུས་ཚང་དང་བསྐྱར་སྤྱོད་ཆོག་པའི་གཅིན་སྙི་ཟགས་ཁུའི་ནད་ཚད་ལྡན་ཅན་གྱི་དོ་དམ་རྣམ་པ་ཞིག་གྲུབ་ཡོད། 2025ལོའི་ལོ་མཇུག་བར། རྣམ་གྲངས་དེ་རང་རྒྱལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ལ་ཁྱབ་གདལ་བཏང་ཞིང་། ས་ཁུལ་110དང་། རྫོང་རིམ་པའི་སྨན་ཁང་བརྒྱ་ལྷག་ཙམ། གཞི་རིམ་གྱི་འཕྲོད་བསྟེན་ཁང་སྟོང་ཕྲག་ཁ་ཤས་བཅས་ལ་ཁྱབ་པ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་1500ལྷག་ཙམ་ལ་ཞབས་འདེགས་ཞུས་ནས། སྨན་བཅོས་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། གཞི་རིམ་སྨན་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ། དལ་བའི་ནད་ཕོག་པའི་ནད་པར་ནད་གཞི་གཞན་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།