དངུལ་རྩའི་སྦྲང་ཆར་ཟིལ་མས་ཞིང་ས་བརླན། དངོས་སྒྲུབ་འགན་ཁུར་རྒྱང་ལམ་གསར་པར་སྐྱོད།
—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་རིམ་སྤེལ་སྒྲིལ་གླེང་ཉེར་བཞི་པ།
དགོང་མོའི་ཆུ་ཚོད་དགུ་པར་སླེབས་ཀྱང་ལྷ་སར་ད་དུང་ས་རུབ་མེད། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གི་ལས་རེས་བྱ་ཡུལ་དུ་ཁ་པར་གྱི་སྒྲ་སླར་ཡང་གྲགས་པ་དང་། ལས་རེས་བྱེད་མཁན་གྱིས་ཤོག་སྨྱུག་བཏོན་ཏེ་ཉིན་དེའི་བཀོད་གཏོང་ཉིན་ཐོར་གྲངས་གཞི་མཐའ་མ་དེ་བྲིས་པ་རེད། ཉིན་ལྟར་འགོད་པའི་ཐོ་མཐུག་པོ་དེ་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོའི་དངུལ་རྩའི་དགོས་མཁོ་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། “སྒུག་སྡོད་པ”ནས“རང་འགུལ་ངང་སྒྲུབ་པའི”བར་གྱི་སྤྱོད་ཚུལ་ལ་འགྱུར་ལྡོག་བྱུང་ཚུལ་བཀོད་པ་ཞིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་ཏན་ཏིག་ཆུད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། དངོས་སྒྲུབ་འགན་འཁུར་བཅས་བྱས་ནས། དངུལ་རྩའི་ལས་དོན་དེ་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་ཐོག་སྤེལ་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མའི་གཞི་རྩའི་གྲངས་གཞི་ཁག་གཅིག་གྱུར་དགོས་རིགས་གཅིག་གྱུར་བྱེད་ཐུབ་པ་བྱུང་ཞིང་། སྔོན་དཔག་བྱས་ན། ད་ལོའི་ལོ་སྟོད་དུ་དངུལ་ཁང་ལས་རིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར་7600ཟིན་ནས་ལོ་རྒྱུས་རང་བཞིན་གྱིས་ཐོད་བརྒལ་བྱུང་བ་དང་། དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་འཕར་ཚད་8%ཡན་ཟིན་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་10%ཡན་འཕར་བར་ལེགས་སྐྱེས་ཕུལ་ཡོད།
སྲིད་དོན་བྱས་རྗེས་རྩིས་ཁྲར་བཀོད་པ།
ད་ལོའི་ཟླ་6ཚེས་17ཉིན། དངུལ་རྩའི་འཁོར་རྒྱུག་ཉིན་མོའི་བཀོད་གཏོང་ལམ་སྲོལ་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཉིན་དེ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་ཉིན་ལྟར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོར་དངུལ་རྩ་འཁོར་སྐྱོད་ཀྱི་གནས་ཚུལ་སྙན་སེང་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། “དངུལ་ཁང་གཅིག་དང་ཅུས་གཉིས” ཀྱིས་དུས་བཀག་དང་དུས་ངེས་མེད་ངང་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་། ཚང་བཤེར་ཆད་གསབ། གནད་སྨིན་ཇུས་འདོན་བཅས་ཡོང་བར་མཐུན་སྦྱོར་བྱེད་ཀྱི་ཡོད། ཉིན་རེར་རྩིས་བརྒྱབ་ནས་གཙང་མ་བཟོ་བའི་བཀོད་གཏོང་བྱེད་སྟངས་དེ་རྒྱལ་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་སུ་མཐོང་དཀའ་བ་ཞིག་རེད། བཀོད་གཏོང་ནང་ཞུགས་མཁན་ལས་དོན་པ་དབྱང་ཆི་ལིན་གྱིས“ཉིན་ལྟར་དངུལ་རྩའི་ལས་རིགས་ཀྱི་རིན་ཐང་འཕར་མའི་གཞི་རྩའི་གྲངས་གཞི་ཁག་བརྟན་པོའི་ངང་འཕར་ཡོད་མེད་ལ་བལྟས་རྗེས་དངུལ་རྩ་ཡིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ཐུབ་པའི་ཞིབ་ཕྲའི་ཕན་འབྲས་མཐོང་སྐབས་གཞི་ནས་ལས་ཀ་བྱེད་རིན་ལྡན་པའི་ཚོར་སྣང་ཡོང་གི་འདུག”ཅེས་དང་། ཁོང་གིས་གྲངས་ཀ་ནི་ཚིག་སྐམ་པོ་ཞིག་མིན་པར་སྤྱོད་ཚུལ་བསྒྱུར་ཚུལ་ལས་ཆེས་ཐད་ཀར་མཐོང་ཐུབ་པའི་ཟུར་མཆན་ཞིག་རེད་ཅེས་བཤད།
ཉིན་རེར་བཀོད་གཏོང་བྱེད་པ་ནི་གྲངས་ཀ་ཙམ་མིན་པར་སྤྱོད་ཚུལ་མངོན་ཚུལ་ཞིག་རེད། ཟླ་5ཚེས་29ཉིན་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་ཆ་ཚང་པོ་བྱས་ཤིང་། ད་ལོ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གི་ལས་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིས་གཟའ་འཁོར་རེར་ངོ་ཐུག་གདོང་འཕྲད་ཀྱིས་དག་ཐེར་གྱི་འཕེལ་རིམ་བཀོད་གཏོང་བྱས་ཏེ་དཀའ་གནད་ཆེ་བའི་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གི་དག་ཐེར་ལས་འགན་ཁག་23ལ་དམིགས་ནས་དག་ཐེར་གྱི་བྱ་ཐབས་58བཟོས་པར་མིག་སྔར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། ཨང་ཐོ་ཁག་18བསུབ་པ་དང་དེ་བྱིངས་ཁག་5མགྱོགས་མྱུར་བསུབ་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དངུལ་རྩ་གཞུང་ལས་ཁང་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་ཅིན་ཅུན་མིན་གྱིས“སྲིད་དོན་ལས་རྗེས་ལྟ་བའི་ཚད་གཞིར་བརྟེན་ནས་ཐོག་མའི་བསམ་འདུན་དང་དམངས་སེམས་ལ་ཞིབ་དཔྱད་བྱེད་དགོས”ཞེས་བཤད།
ལས་ཀའི་འཐབ་ས་མདུན་མར་ཞབས་ཞུ་བསྒྲུབས་པ།
“བདུད་རྩི་རྟགས་ཅན་བོད་སྨན་ཀུང་སི་ནི་བོད་ཀྱི་གཞུང་ཁོངས་ཁེ་ལས་རྙིང་པ་ཞིག་ཡིན། ཁྲོམ་རར་ཞུགས་རྒྱུ་དམིགས་ཡུལ་མིན་པར་བྱ་ཐབས་ཤིག་ཡིན་པར་བརྟེན། ཁྲོམ་རར་ཞུགས་པ་བརྒྱུད་ཁྲོམ་ར་ཅན་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་པར་ལྡོག་སྐུལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བདུད་རྩི་རྟགས་ཅན་བོད་སྨན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དགེ་ལེགས་པ་སངས་ཀྱིས་བཤད། ཁེ་ལས་ཁྲོམ་རར་ཞུགས་པའི་ཚད་གཞི་དང་མཐུན་པ་ཡོང་བར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩའི་གཞུང་ལས་ཁང་གི་ལས་སྒོའི་ཚོགས་འདུའི་ཚན་ཁག་གི་ཁོངས་མི་པེ་ཅིང་དུ་ཐེངས་མང་བཏང་ནས་སྙན་སེང་ཞུ་བར་འབྲེལ་མཐུད་བྱས་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་1.74ནང་འདྲེན་བྱས་ཏེ་རྒྱལ་ཡོངས་ཀྱི་མ་རྐང་གཞན་སྒྱུར་ཀུང་སིའི་སྒོ་བྱང་འགེལ་བའི་བླང་བྱ་དང་མཐུན་པ་ཡོང་ཐབས་བྱས་ནས་ད་ལོར་སྒོ་བྱང་འགེལ་ཐུབ་པ་བྱ་རྩིས་ཡོད་པ་རེད།
བདུད་རྩི་རྟགས་ཅན་གྱི་བོད་སྨན་ཀུང་སིའི་གཏམ་རྒྱུད་ནི་རང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་འགྲེལ་བཤད་ཡག་པོ་བྱས་པ་ཞིག་རེད། ད་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་དངུལ་རྩ་འཕེལ་རྒྱས་གཏོང་བའི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལུའེ་ཁྲ་ཚོགས་པ་དང་། ཀྲེ་ཧུའེ་གཏེར་ལས་ཀུང་སི་ཁྲོམ་རར་ཞུགས་པའི་དཔེ་མཚོན་ཉམས་མྱོང་སྔོག་འདོན་དང་ཁྱབ་གདལ་གཏིང་ཟབ་དང“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་ཤུགས་སྣོན་ཆེན་པོ་བརྒྱབ་པའི་ཐོག “ཁེ་ལས་རེས་ཐབས་ཇུས་རེ་འདོན་པ་དང་ཆེད་སྒྲུབ་ཚོགས་ཆུང་རེ་འཛུགས་པ” “རྒྱུན་རྣམ་ཅན་གྱི་ཉེ་བཅར་ཞབས་ཞུ”བྱེད་སྟངས་ལ་བརྟེན་ནས་ཁྲོམ་རའི་རྗེས་གྲབས་ཁེ་ལས་ལ་ཁྱོན་ཡོངས་ནས་རོགས་རམ་བྱས་ཡོད། ཟླ་ལྔ་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་164.73མང་དུ་ཕྱིན་ཡོད།
“སྐལ་བཟང་མེ་ཏོག་བྱ་སྤྱོད”ནི་ཁེ་ལས་ཁྲོམ་རར་ཞུགས་པའི་འཆར་གཞི་ཞིག་རེད་ལ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
འཐབ་ས་དང་པོར་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ།
2025ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་དངུལ་རྩ་ཡིས་མཐའ་དར་དམངས་ཕྱུག་ལ་སྐུལ་མ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། 2027ལོར་སླེབས་སྐབས། མཐའ་མཚམས་རྫོང་ཚང་མར་དངུལ་ཁང་སྒྲིག་གཞི་2ཀྱིས་རྒྱུན་རྣམ་ཅན་གྱི་ཞབས་འདེགས་ཞུ་རྒྱུ་དང་། གཙོ་གནད་མཐའ་མཚམས་ཤང་དང་གྲོང་རྡལ་དུ་དྲ་ཚིགས་ཁེབས་ཚད་70%ལྷག་ཙམ་ཟིན་པ་བྱ་རྒྱུ་རེད། མིག་སྔར་ད་ལོ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་ལས་འགོ་འཛུགས་རྩིས་ཡོད་པས། དེ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཁོངས་གཏོགས་ཀྱི་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་5པར་འགྱུར་རྒྱུ་དང་། བོད་ལྗོངས་དངུལ་ཁང་དང་སྦྲག་ལས་གསོག་འཇོག་དངུལ་ཁང་གི་མཐའ་མཚམས་ས་ཁུལ་ཡན་ལག་དངུལ་ཁང་4དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད།
དངུལ་རྩའི་ལས་དོན་མཐའ་མཚམས་ཙམ་མ་ཟད་ཕྲན་ཚེགས་ཁེ་ལས་ལའང་ཁྱབ་རྒྱུ་གནད་སྨིན་ཐུབ་ཡོད། “རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས”བརྒྱུད། དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་དེར་འཕྲལ་མར་ཡིད་རྟོན་དངུལ་བུན་སྒོར་ཁྲི་150བཏང་བ་དང་། རེ་ཞུ་བྱས་པ་ནས་དངུལ་བུན་གཏོང་བའི་བར་གཟའ་འཁོར་གཅིག་ཀྱང་འགོར་མེད། ཟླ་དྲུག་པའི་ཟླ་མཇུག་བར། རང་ལྗོངས་ཀྱི“ལས་སྟེགས་གཉིས”སྦྲེལ་མཐུད་ཚོད་ལྟ་ཐོག་མར་ཐུབ་པའི་དངུལ་ཁང་ཡིན་པའི་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལས་སྟེགས་ལ་བརྟེན་ནས་ཁེ་ལས་54ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1.06ལྷག་ཙམ་བཏང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ནས་འགོ་བརྩམས་ཏེ། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་པ་དང་། ཞབས་ཞུ་སྔར་བས་ཡག་པ། འགན་འཁྲི་འཁུར་སེམས་སྔར་བས་ཆེ་བ་བཅས་ཀྱི་སྒོ་ནས་དངུལ་རྩའི་གསོན་ཤུགས་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་དངུལ་རྩའི་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་འབུལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།