འབྲི་ཆུའི་ཆུ་འགོའི་གྲོང་ཚོར། བདེ་སྐྱིད་རྩ་བ་ཚུགས་སོང་།
ས་སྲོད་དུ་འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ཐོག་དམར་པོ་དང་གྱང་དཀར་པོའི་བོད་བཟོའི་ཡུལ་མིའི་སྡོད་ཁང་ནས་གློག་འོད་ཁྲ་ཆེམ་ཆེམ་དུ་འཕྲོས། གནས་འདི་ནི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་ཆགས་ཤིང་། སྤྱི་ལེ་420ཡི་སར་ཡོད་པའི་གདང་ལའི་ཐོག་ཐོན་གཙང་པོའི་ས་ཁུལ་ནས་སྤོས་འོང་པའི་འབྲོག་པས་དེ་གར་ཁྱིམ་གཞིས་གསར་དུ་བསྐྲུན།
2004ལོའི་ཟླ་11པར། རྒྱལ་ཁབ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་དང་ལེན་བྱ་ཆེད། གདང་ལའི་གྲོང་རྡལ་གྱི་དེ་སྔའི་འབྲོག་ལས་གྲོང་ཚོ་6གི་དུད་ཚང་128ཀྱི་འབྲོག་པ་མང་ཚོགས་ཆ་སྙོམས་ས་བབ་སྨི་4700ཟིན་པའི་ས་མཐོ་གྲང་ངར་ཅན་གྱི་འབྲོག་ར་ནས་གནས་སྤོས་ཡུལ་མིའི་གཞིས་ཆགས་ཁུལ་དེར་སྤོས་པ་རེད། 2006ལོར། ཁྱིམ་གཞིས་གསར་པ་དེར་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་ཞེས་མིང་བཏགས་པ་དང་། དེ་ལས་གཙོ་བོ་འབྲི་ཆུའི་ཆུ་འགོ་མཚོན་ལ་ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་མཚོན་ཡོད།
མི་རབས་ནས་མི་རབས་བར་རྩྭ་ཆུ་གང་འཛོམས་སར་སྡོད་མཁན་འབྲོག་པའི་ངོས་ནས་བརྗོད་ན། དེ་ནི་གནས་སྤོ་ཞིག་ཡིན་ལ། འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་དགོས་པ་ཞིག་དེ་བས་ཀྱང་ཡིན། འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་བཀྲ་ཤིས་ཟླ་བ་གནས་སྤོས་ལས་ཀའི་ནང་དངོས་སུ་ཞུགས་མྱོང་ཡོད། ཁོང་གིས“གནས་སྤོས་རྗེས་ཚང་མས་སོ་སོའི་བསམ་བློའི་འཁྱེར་ཕྱོགས་དང་། བཟའ་བཏུང་གོམས་གཤིས། ངལ་རྩོལ་བྱེད་སྟངས་སོགས་ཐད་འགྱུར་ལྡོག་གཏོང་དགོས་པས། ལོ་ན་མཐོ་བའི་འབྲོག་པ་ཚོའི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་གཏན་ནས་མིན། དེ་ནས་བྲལ་བ་ནི་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱ་ཆེད་ཡིན། ཡུལ་མི་ཚོའི་སེམས་ས་ཆ་དེ་དང་གཏན་ནས་བྲལ་མྱོང་མེད”ཅེས་བཤད།
ཡུལ་མི་རྣམས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཁ་འབྲལ་ཐབས་མེད། བཀྲ་ཤིས་ཟླ་བས་སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ་དེས་སྤུས་ཚད་མཐོ་བའི་གདང་ལའི་འབྲི་གཡག་དང་གདང་ལའི་བོད་ལུག་བསྐྱངས་དང་སྐྱོང་བཞིན་ཡོད། 2020ལོར་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་། མ་དངུལ་བཏང་ནས་གོར་མོ་ཀྲི་ཆུ་ཞིང་འབྲོག་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་གཉེར་སྐྱོང་གི་འགན་ཁུར་བ་རེད། གྲོང་ཚོ་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གིས“གྲོང་ཚོ་རེ་ལ་ཐོན་རྫས་རེ”དང་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་བསམ་ཕྱོགས་གཞིར་བཟུང་། གནོད་མེད་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་གཏན་འཁེལ་བྱས་པ་རེད།
རིག་གནས་རྒྱུན་འཛིན་ཐད་ལའང་གྲུབ་འབྲས་གསར་པ་ཐོན་ཞིང་། ལོ་15ལ་སླེབས་པའི་བསྟན་འཛིན་ནོར་བུ་སྒྲ་བརྙན་དཀྲོལ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་ཁོང་གིས་རང་འགུལ་ངང་དམངས་ཁྲོད་གླུ་གཞས་180ལྷག་ཙམ་བསྡུ་རུབ་བྱས་ཡོད། ཁོང་གི་ཨ་མས་སྒང་པ་བོད་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་མཉམ་ལས་ཁང་དང་། གྲོང་གསེབ་བུད་མེད་ཚོགས་ཆུང་། ཡུལ་མིའི་ཁྱིམ་སྡོད་ལས་ཞུགས་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཀྱི་ཡོད། མཉམ་ལས་ཁང་ནང་སྣམ་བུ་དང་། འུར་རྡོ། སྦྲ་གུར་སོགས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་བཤམས་ཡོད། དེ་དག་ལས་རིག་གནས་ཀྱི་རིན་ཐང་དང་བརྩེ་སེམས་ཀྱི་དྲན་ཤེས་མཚོན་པ་མ་ཟད། གསར་གཏོད་ཁྲོད་གསོན་ཤུགས་གསར་པ་འཕེལ་ནས་ཐོན་རྫས་ས་ཆ་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་འཛུགས་སྐྲུན་བྱ་རྒྱུ་དེ་ཡུལ་མིའི་རང་རྟོགས་ཀྱི་འདུ་ཤེས་སུ་རིམ་གྱིས་གྱུར་ཞིང་། བཀྲ་ཤིས་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”བརྒྱུད་གྲོང་ཚོའི་ཁྱིམ་ཚང་ཚང་མས་གཟའ་འཁོར་རེར་མི་བཏང་ནས་གྲོང་ཚོར་གཙང་སྦྲ་བྱེད་པའི་སྒྲིག་སྲོལ་བཟོས་པ་མ་ཟད། ད་དུང“གཅེས་སེམས་སྐར་གསོག་སྒོ་རྩིས་ཚོང་ཁང”བཙུགས་ཏེ་སྐར་གསོག་ལ་བརྟེན་ནས་ཡུལ་མིར་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུར་ལྕག་སྐུལ་ཡང་བྱེད་ཀྱི་ཡོད། ད་ཆ་གྲོང་ཚོའི་ནང་ཏང་ཡོན་67ཡོད་པའི་ཁྲོད་མི་ཉུང་བ་ཞིག་གཞོན་ནུ་ཡིན་པ་རེད། བཀྲ་ཤིས་ཟླ་བ་ཡིས“ཁོང་ཚོའི་འདུ་ཤེས་གསར་པ་དང་བསམ་ཚུལ་གསར་པས་གྲོང་ཚོ་འཕེལ་རྒྱས་འགྲོ་རྒྱུར་བསམ་ཕྱོགས་གསར་པ་གཏོད་ཀྱི་ཡོད། ཚང་མས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་དེ་བས་སྐྱིད་པ་ཞིག་སྐྱེལ་རྒྱུ་ཡོང་བར་འབད་བཞིན་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།