མཚོ་སྔོན་གྱིས་ས་གདན་ཕྱི་ཕྱོགས་ཚོང་དོན་གྱི་མཐའ་མའི་འགག་གནད་བསལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་11ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་གནས་ཚུལ་སྤེལ་གསལ། སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཚོང་དོན་འགྲེམས་རྫས་ཀྱི་འགག་སྒྲོལ་མ་གནས་མཐོ་བ་དང་དངོས་ཟོག་གྲ་སྒྲིག་གི་གནོན་ཤུགས་ཆེ་བ་སོགས་ལས་རིགས་ཀྱི་དཀའ་གནད་སེལ་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་གོ་བོད་རུམ་མཐུན་ཚོགས་དང་ཟི་ལིང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་མཉམ་དུ་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། སྔོན་ལ་ལག་བསྟར། སྔོན་ལ་ཚོད་ལྟ་བཅས་བྱས་ཏེ་སྐབས་27པའི་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རྒྱལ་སྤྱིའི་བོད་རུམ་འགྲེམས་ཁུལ་དུ་རྒྱལ་ཡོངས་ཀྱི་ཁྲལ་མེད་དང་འགྲེམས་སྟོན་ཟུང་དུ་འབྲེལ་བའི་ཕྱི་ཕྱོགས་ཚོང་དོན་གྱི་འགག་སྒྲོལ་བྱེད་སྟངས་གསར་པ་ཐོག་མར་བཏོད་དེ་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་འགྲེམས་ཚོགས་ཀྱི་འགག་སྒྲོལ་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི“མཚོ་སྔོན་གྱི་མ་དཔེ”མཁོ་འདོན་བྱས་ཡོད།
ས་ཁོངས་ཕྱི་རོལ་གྱི་འགྲེམས་ཞུགས་དངོས་ཟོག་ཚང་མ་ཟི་ལིང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱིས་གཅིག་འཐུས་རྣམ་པའི་ཐོག་ནས་རྒྱལ་ནང་དུ་དབོར་ཏེ་ཐད་ཀར་འགྲེམས་ཁང་དུ་བསྐྱལ་ནས་ཁྲལ་མེད་འགྲེམས་སྟོན་བྱས་པ་བརྒྱུད། “སྒོ་ཁྲལ་མེད་ཁུལ་དུ་འཛུལ་བ་དང་། དངོས་ལྗོངས་འགྲེམས་སྟོན། ས་གནས་ས་ཐོག་ཏུ་ངོ་འཕྲད་གྲོས་མོལ། དགོས་མཁོར་གཞིགས་ནས་འགག་སྒོ་སྒྲོལ་བ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བགྲོད་ལམ་ཤར་གཏོང་ཐུབ་ཡོད། གསར་གཏོད་བྱེད་ཐབས་དེས་སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཚོང་དོན་འགྲེམས་རྫས་ཀྱི་འགག་སྒྲོལ་མ་གནས་མཐོ་བ་དང་། དངོས་ཟོག་གྲ་སྒྲིག་གི་གནོན་ཤུགས་ཆེ་བ། ཚོང་ཤག་གི་ཉམས་ལེན་ཞན་པ། མངགས་ཐོ་གཞན་སྒྱུར་འགོར་བ་སོགས་ལས་རིགས་ཀྱི་དཀའ་གནད་ནུས་ལྡན་སེལ་བ་དང་། ཁེ་ལས་ཀྱི་འགྲེམས་ཞུགས་མ་གནས་དམའ་རུ་གཏོང་བ། འགྲེམས་ཚོང་ནུས་ཆེའི་མཉམ་འགུལ་ལ་རམ་འདེགས་བཅས་བྱས་ཏེ་མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ས་གདན་ཐོན་ལས་བསྡུ་འགྲེམས་ལྟེ་གནས་སྐྲུན་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
སྐབས་འདིའི་འགྲེམས་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་གི་རུམ་འཐག(བོད་རུམ)འགྲེམས་རྫས་བསྡོམས་འབོར་ཏུན་250ཟིན་པའི་ནང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་40དང་། ཕྱི་རྒྱལ་ནས་འགྲེམས་སྟོན་ནང་ཞུགས་པའི་དངོས་ཟོག་ཏུན་80 རྒྱལ་ནང་ནས་འགྲེམས་སྟོན་ནང་ཞུགས་པའི་དངོས་ཟོག་ཏུན་130བཅས་ཡོད་པ་དེ་དག་ན་ནིང་ལས་ཆེས་ཆེར་འཕར་ནས་ཉེ་བའི་ལོ་30ཙམ་རིང་རུམ་འཐག(བོད་རུམ)གི་སྣ་ཁ་ཆ་ཚང་ཤོས་དང་། བཟོ་རྩལ་ལེགས་ཤོས། རིན་ཐང་ཆེ་ཤོས་བཅས་ཀྱི་ལས་རིགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།