འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་དབུལ་སྐྱོར་གསར་སྤེལ་བྱས་པའི་ལོ་བཞི་བཅུ།
ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་དེ་རྒྱལ་སྤྱིའི་སྤྱི་པའི་ཉམས་མྱོང་གལ་ཆེན་ལ་གྱུར་པ།

འདི་ནི། ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་རུའུ་ལིན་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གྲོང་ཚོ་དང་རི་ཚོགས་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་ཆགས་པའི་ཡུལ་ལྗོངས་ཡིན་པ།

འདི་ནི། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཝུའུ་ཁྲེང་ཆུས་རུའོ་དབྱང་ཤང་གི་རི་ཁུལ་དུ་ཚན་རྩལ་ཆེད་མངགས་པས(དཀྱིལ)ཞིང་པར་སུར་པན་གྱི་མྱུ་གུ་འདེབས་སྟངས་ལ་མཛུབ་ཁྲིད་བྱེད་བཞིན་པ།

འདི་ནི། ཅང་སུའུ་ཞིང་ཆེན་རུའུ་ཀའོ་གྲོང་ཁྱེར་ཝུའུ་ཡའོ་གྲོང་རྡལ་ཕིང་ཐེན་གྲོང་ཚོའི་ཕེ་ཁྲེན་ཤིང་ཏོག་ལན་མེ་ལྡུམ་རའི་ནང་སྙན་སྒྲོན་པ་གཙོ་བོ(གཡོན)ཡིས་རང་ཡུལ་གྱི་ཁྱད་ལྡན་ཤིང་ཏོག་ལན་མེ་འོས་སྦྱོར་བྱེད་བཞིན་པ།

འདི་ནི། 2026ལོའི་ཟླ་1ཚེས་26ཉིན་ཙམ་པབ་ཝེའི་ཀྲུང་མ་ཧྲའོ་ནཱ་ལན་ཞིང་ཆེན་ཧྲ་མུའུ་ཝ་ས་ཁུལ་གྱི་ཅིན་ཏི་གྲོང་ཚོར་ཙམ་པབ་ཝེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པའི་དུས་ཐེངས་བཞི་པའི་རིགས་གཅིག་མཁས་ཅན་ལུའུ་ཕུའུ་ཀྲེང(གཡས་ཀྱི་དང་པོ)གིས་ཡུལ་མིར་མ་རྨོས་ལོ་ཏོག་འདེབས་སྟངས་སློབ་བཞིན་པ།

འདི་ནི། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་མིང་ལེ་རྫོང་ནན་ཧྥེང་གྲོང་རྡལ་ཡུང་ཧྥེང་གྲོང་ཚོའི་གྲོ་ཞིང་དུ་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུས་ཞིང་སྨན་གཏོར་བཞིན་པ།
ད་ལོ་ནི་ཀྲུང་གོས་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་དབུལ་སྐྱོར་གསར་སྤེལ་བྱས་ནས་ལོ་40འཁོར་བའི་ལོ་ཡིན་ལ་ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་བྱས་ནས་ལོ་30འཁོར་བའི་ལོ་ཡང་ཡིན། ཉེ་ཆར། 2026ལོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་གོས་རྒྱལ་ཁབ་53དང་རྒྱལ་སྤྱིའི་སྒྲིག་གཞི་9དང་མཉམ་དུ་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་འཕེལ་རྒྱས་རོགས་ཟླའི་མནའ་འབྲེལ་བཙུགས་པ་རེད། དེ་ནི་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་རྒྱང་ལམ་གསར་པར་སྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་མ་ཟད། དབུལ་ཕོངས་མེད་པ་དང་ཐུན་མོང་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ལག་ལེན་གསར་ཤོས་ཀྱང་རེད།
དབུལ་ཕོངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་དཀའ་གནད་ཡིན་པས་དབུལ་ཕོངས་སེལ་བ་ནི་སྔར་ནས་བཟུང་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཞིག་རེད། དུས་རབས་གསར་པར་སླེབས་་ཚུན། ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་དཀའ་གནད་ལ་ཐད་ཀར་ཁ་གཏད་བཅག་ནས་མི་དམངས་བློ་ཡིད་ཚིམ་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། ད་རེས་རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ལག་ལེན་སྐོར་ལྷུག་པོར་གླེང་བ་དང་། ཀྲུང་གོའི་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་དབུལ་ཕོངས་སེལ་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ལུགས་བསྟན་པ་རེད།
ཨའེ་དབན་ཏེ་ལུའོ·ཁ་ཝ་ལུའེ། (པར་ཙིར་ཧྥུ་ལུའུ་སྨི་ནེན་སའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན)
ཧ་སང·ཏ་ཝུའུ་ཏེ·པུའུ་ཐེ། (ཕ་ཁི་སི་ཐན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གི“རྒྱུད་གཅིག་ལམ་གཅིག”དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན)
ཐུའོ་མ་སི·ཧའེ་པེ་ལེ། (འཇར་མན་གྱི་ཏུའུ་དབྱི་སི་པའོ--ཨའེ་སེན་སློབ་ཆེན་གྱི་ཀྲུང་གོའི་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས་བཅས་ཐད་ཀྱི་བསླབ་རྒན་དགེ་རྒན་ཆེ་མོ་བ)
འདུ་ཤེས་གསར་པ་སྟེ།
“ཕྱོགས་རྐྱང་གཞན་བརྟེན”ནས“ཕྱོཌ་ཡོངས་རང་བརྟེན”བར།
ཨའེ་དབན་ཏེ་ལུའོ·ཁ་ཝ་ལུའེ་ཡིས་བརྗོད་པ་ལྟར་ན། དབུལ་པོ་ནི་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ་སྨན་བཅོས། ཁྲོམ་རའི་མ་ལག་ཞན་པ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ལས་བྱུང་བ་ཞིག་ཡིན་པ་ཀྲུང་གོས་ངོས་འཛིན་གཏིང་ཟབ་བྱུང་འདུག བརྒྱུད་རིམ་ལྡན་པའི་བསམ་ཕྱོགས་མཐའ་འཁྱོངས་ཐུབ་པ་ནི་ཀྲུང་གོ་དབུལ་ཕོངས་གནས་ལས་ཐར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་སྟེ། དེ་ཡང་དབུལ་ཕོངས་དེ་ཁེར་རྐྱང་གི་གནད་དོན་ཞིག་ལ་མི་བརྩི་བར་དེ་འབྲེལ་གྱི་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ནས་ཕྱོགས་བསྡུས་ཇུས་བསྟར་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་རྩོད་སྒྲུབ་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་ཀྱིས་རོགས་སྐྱོར་དང་འཕེལ་རྒྱས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་སོགས་དབར་གྱི་འབྲེལ་བར་སྤྱི་འདོམས་ལྟ་རྟོག་བྱས་པ། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་འགག་རྩ་ནི་དབུལ་ཕོངས་ཉུང་གཏོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་ནས། ཐོན་ལས་འཕེལ་རྒྱས་དང་། ས་ཁོངས་མཐུན་སྦྱོར། ཤེས་དཔལ་འཛུགས་སྐྱོང་སོགས་ལ་མཉམ་དུ་ཤུགས་བརྒྱབ་པར་ཐུག་ཡོད།
ཐུའོ་མཱ་སི·ཧའེ་པེ་ལེ་ཡིས་བརྗོད་པ་ལྟར་ན། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་ནི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་གཉིས་ཀ་ལྡན་པའི་བརྒྱུད་རིམ་ཞིག་རེད། དེའི་རྩ་བ་ནི་དཔལ་འབྱོར་ཡུན་རིང་མགྱོགས་མྱུར་འཕར་བ་དེ་ཡིན། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཆེས་མངོན་གསལ་དོད་པའི་ལེགས་ཆ་ནི་རྒྱལ་ཁབ་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་བཅོས་སྐྱོང་ནུས་པ་དེ་ཡིན། དེའི་ཞིབ་ཕྲའི་མཚོན་ཚུལ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཏོང་ཆ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར། ལྟ་འདོམས་ནན་པོ་སོགས་ཡིན། ཀྲུང་གོས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་བསྐྲུན་ཞིང་། ཆུས་དང་རྫོང་མང་པོ་ཞིག་གིས་འགྲིམ་འགྲུལ་ལེགས་སུ་བཏང་བ་བརྒྱུད་ངལ་ནུས་སྐོར་སྐྱོད་དང་། ཞིང་ཟོག་འཁོར་རྒྱུག ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཅས་ལ་སྐུལ་ཁྲིད་བྱས་པ་དང་། དབུལ་སྐྱོར་ལག་ལེན་ཁྲོད་གནས་སྤོས་དབུལ་སྐྱོར་དང་། ཁྱད་ལྡན་ཐོན་ལས་རོགས་སྐྱོར། ཁྱིམ་ཚང་དབུལ་པོའི་འབོར་ཉུང་ཡིད་རྟོན་དངུལ་བུན་སོགས་ཀྱི་བྱེད་ཐབས་ཕན་འབྲས་ཆེན་པོས་དོན་འཁྱོལ་བྱས་ཡོད།
བཅོས་སྐྱོང་ཀྱི་ལེགས་ཆ་སྟེ།
ཁྱིམ་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་བྱས་ནས་རོཌ་སྐྱོར་བྱེད་ཐབས་གནད་འཁེལ་བཟོས་པ།
ཧ་སང·ཏ་ཝུའུ་ཏེ·པུའུ་ཐེས་བརྗོད་པ་ལྟར་ན། གནད་སྨིན་དབུལ་སྐྱོར་ནི་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གསར་གཏོད་གལ་ཆེན་དང་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད། གྲངས་གཞི་ཕྱོགས་སྟོན་དུ་བཟུང་ནས་ཁྱིམ་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་དང་རོགས་སྐྱོར་བྱེད་ཐབས་གནད་ལ་འཁེལ་པོས་བཟོ་བ་དང་། མི་འབོར་དབུལ་པོའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་གནས་བབ་ལེགས་སུ་གཏོང་བར་དམིགས་ཏེ། ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་ནུས་ལྡན་ལ་བརྟེན་ནས་དབུལ་སྐྱོར་ཐོན་ཁུངས་ཕན་འབྲས་ཆེན་པོས་བེད་སྤྱོད་དང་གྲུབ་འབྲས་ཚད་འབེབས་ཐུབ་པའི་འགན་ལེན་བྱས་ཡོད།
ཀྲུང་གོའི་དབུལ་སྐྱོར་གྱི་གསར་གཏོད་ཆེན་པོ་གཞན་ཞིག་ནི་གཞི་ཁྱོན་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་མེད་པར་བཟོས་ནས། རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་འཆར་འགོད་ནང་གྲོང་གསེབ་བཅུག་སྟེ་ཟོག་འགྲུལ་དྲ་རྒྱ་བརྒྱུད་ཞིང་ལས་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་འཚོང་ཐུབ་ནས། གྲོང་གསེབ་མི་ཉུང་བ་ཞིག་ལ་ཁྱད་ལྡན་ཐོན་ལས་ཆགས་པར་རོགས་རམ་གྱིས་རང་བརྟེན་དབུལ་སྒྲོལ་ཐུབ་པ་དེ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བ་བརྒྱུད་གྲོང་གསེབ་ཏུ་རྒྱང་བརྟེན་སྨན་བཅོས་བྱེད་པ་དང་རྒྱང་ཁྲིད་སློབ་གསོ་སྤེལ་བ་སོགས་བྱས་ཏེ་དམངས་འཚོ་མུ་མཐུད་ལེགས་སུ་བཏང་ཡོད། གཞན་ཡང་ཀྲུང་གོས་ལས་རིགས་གསོ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་ནས“དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་པ”དང“དབུལ་སྐྱོར་བྱེད་པར་ངེས་པར་དུ་བློ་སྐྱོར་བྱེད་པའི”འདུ་ཤེས་ལག་ལེན་བསྟར་ཏེ་མི་འབོར་དབུལ་པོའི་ལ་རྒྱ་དང་གདེང་ཚོད་ཆེ་རུ་བཏང་ཡོད།
འཛམ་གླིང་གི་ཕན་པ་སྟེ།
རིགས་པའི་གཞུང་ལུགས་དང་ལག་ལེན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མུ་མཐུད་ཕན་བདེ་བསྐྲུན་པ།
ཧ་སང·ཏ་ཝུའུ་ཏེ·པུའུ་ཐེས་བརྗོད་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་ཕོངས་ཉུང་གཏོང་དམིགས་ཚད་ཀྲུང་གོས་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱས་ཤིང་། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་ཏེ་འཛམ་གླིང་གི་དབུལ་ཕོངས་ཉུང་གཏོང་དང་བཅོས་སྐྱོང་གི་ཚད་ཤིང་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རིམ་ངོས་ནས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མུ་མཐུད་ཕན་བདེ་བསྐྲུན་ཡོད། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་ལས་ཕ་ཁི་སི་ཐན་ལ་བློ་སྒོ་གལ་ཆེན་གཉིས་ཕྱེ་བ་སྟེ། གཅིག་ནི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་དུས་འཁོར་གྱི་ཚད་བཀག་ལས་སྒྲོལ་བ། ཁེ་ལས་ཞུགས་སུ་འཇུག་པ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཕོངས་ཉུང་གཏོང་གི་ཕན་འབྲས་སྲ་བརྟན་དུ་བཏང་ཡོད། གཉིས་ནི་ཀྲུང་གོའི་ཤར་ནུབ་རྒྱུད་མཉམ་ལས་བྱེད་སྟངས་དཔྱད་གཞིར་བཟུང་ནས་ཐག་རིང་ལུང་ཁུག་གི་ས་ཆ་རྒྱལ་ཁབ་འཕེལ་རྒྱས་ཀྱི་བཀོད་པའི་ནང་བཅུག་སྟེ་དབུལ་སྐྱོར་ཐོན་ཁུངས་སྤྱི་འདོམས་དོ་སྙོམས་བཀོད་སྒྲིག་བྱས་ཡོད།
གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་འཕེལ་རྒྱས་རོགས་ཟླའི་མནའ་འབྲེལ་བཙུགས་པ་དེར་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་སྐུལ་འདེད་འོག འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་དེ་གོ་ལ་ཧྲིལ་པོའི་མཉམ་ཤུགས་སུ་རིམ་བཞིན་གྱུར་ཡོད། འབྱུང་འགྱུར་མནའ་འབྲེལ་གྱིས་ནུས་ཆེའི་མཉམ་ལས་ལས་སྟེགས་བསྐྲུན་ནས་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་དང་། ཉེར་སྤྱོད་ལག་རྩལ། ཤེས་ལྡན་པ་གསོ་སྦྱོང་བཅས་རྒྱུན་རྣམ་ཅན་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རེ་ཡོད།
2024ལོར་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་བཙུགས་ཏེ་ཐོན་མཐོའི་ལོ་ཏོག་དང་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཐབས་སོགས་ལག་རྩལ་གྱི་མཉམ་འབྲེལ་ཞིབ་སྤེལ་དང་དཔེ་སྟོན་ཁྱབ་གདལ་གཏོང་བར་དམིགས་ནས། ཨ་ཧྥེ་རི་ཁའི་ཞིང་ལས་ཕྱོགས་སྒྱུར་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་གོས་དབུལ་ཕོངས་ཉུང་གཏོང་གི་གོ་ཆོད་ལམ་བུར་བསྐྱོད་པ་མ་ཟད། དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་དེ་རྒྱལ་སྤྱིའི་སྤྱི་པའི་ཉམས་མྱོང་གལ་ཆེན་ལ་དེ་བས་ཀྱང་བསྒྱུར་ནས། གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྐྱོང་དང་མིའི་རིགས་ཐུན་མོང་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།