ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་བཅས་དང་ཁག་སོ་སོར་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཤིས་ཅའོ་གསོལ་མགྲོན་ཁང་དུ་ཀྲུང་གོར་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུ་དང་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཐེ་དབར་གྱི་མཛའ་གྲོགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་ཡུན་རིང་འདྲིས་པའི་མཛའ་གྲོགས་ཧ་ཅང་ཟབ་མོ་ཡོད། ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་དང་ཁ་ཞེ་གཉིས་མེད་ཀྱིས་འགྲོ་འོང་བྱས་པས། “ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་བ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐེ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་མཐའ་འཁོར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་འཇོག་གི་ཡོད་པས། ཀྲུང་གོ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཐེ་ལན་ཕྱོགས་ཀྱིས་བློས་འཁེལ་ཤོས་དང་རྒྱབ་རྟེན་བཅོལ་སའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཞིག་རེད། དེས་ན། ཀྲུང་ཐེ་ཕྱོགས་གཉིས་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་པ། དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་ཐེའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་གཏོད་པ། རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བཅས་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་གྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་ཐེ་ལན་གྱི་སྲིད་གཞུང་གསར་པའི་སྲིད་སྐྱོང་ལམ་ལྷོངས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཐེ་ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི“2+2”འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་ཡག་པོ་སྤྱད་ནས་འཐབ་ཇུས་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཐེའི་ལྕགས་ལམ་འཛུགས་སྐྲུན་དང་། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་དང་། མཁའ་འགྲུལ་སྐར་སྐྱོད། ནུས་རྒྱུ་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཡུལ་སྐོར་དང་། སྨྱན་སྦྱོར། སློབ་གསོ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་འགྲོ་འོང་ཇི་ཙམ་བྱས་པ་དེ་ཙམ་གྱི་འབྲེལ་བ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་མུ་མཐུད་རྡུང་རྡེག་ཤུགས་ཆེན་བཏང་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཐེ་ལན་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཐེ་ལན་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་འདོད་ཡོད། ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་རྒྱུ་དེ་ཐེ་ལན་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་ཀྱིས་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད།
ཨ་ནུའུ་ཐིང་གིས་གསུངས་དོན། ཙུང་ལིའི་ངོས་ནས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་ཐེངས་དང་པོ་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཐེ་ལན་གྱི་རྟེན་ས་དང་བློས་འཁེལ་བའི་གྲོགས་པོ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་སྒྲུབ་ཀྱི་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བ་དང་། མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། ཚོང་དོན་དང་། མ་འཇོག མཐོ་གསར་ལག་རྩལ། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་ལ་གཞོལ་ནས་དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་མཉམ་དུ་རྡུང་རྡེག་གཏོང་བ་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཉམ་ལས་བྱས་ཏེ་ཐེ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་བསྐྲུན་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་གནང་བ་དེ་ལས་ཕྱོགས་མང་རིང་ལུགས་ལ་ཁས་ལེན་གནང་བ་མངོན་པས། ཐེ་ལན་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ཐེ་ལན་ཕྱོགས་ཀྱིས་ཐེ་ལན་དང་ཁམ་ཕུ་ཁྲེའི་དབར་གྱི་གདོང་གཏུག་ཞི་བའི་ངང་ཐག་གཅོད་བྱེད་པར་གཞོལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དྲང་གཞག་གཞུང་དྲང་གི་ནུས་པ་བཏོན་པར་བསྔགས་བརྗོད་བྱ་རྒྱུ་ཡིན།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཁྲེན་ཅི་ཉིང་སོགས་ལྷན་དུ་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།
ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཤིས་ཅའོ་གསོལ་མགྲོན་ཁང་དུ་ཀྲུང་གོར་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུ་དང་ལས་དོན་འཚམས་འདྲིར་ཕེབས་པའི་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་མཛའ་གྲོགས་བློས་ཐུབ་ལ་ལོ་ཟླའི་ཉམས་སད་དང་དཀའ་སྡུག་གི་ཚོད་བགམ་ཐེག་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་མཛའ་གྲོགས་ནི་དུས་སྐབས་གཅིག་དང་བྱ་བ་གཅིག་གི་འབྲེལ་བ་ཙམ་མིན་པར་དུས་བབ་ཀྱི་འགྱུར་ལྡོག་བརྒྱུད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་ལ། ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཡང་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་བཏོད་པའི་མཛའ་གྲོགས་བློས་ཐུབ་རྒྱུན་འཛིན་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ། “ཕ་ལམ་ཟུར་དྲུག”གི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་རྒྱུན་ཆད་མེད་པར་འཛུགས་པ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་ལག་ལེན་རླབས་པོའི་ཆེའི་ཁྲོད་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་གྲུབ་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་རྒྱུན་མཐུད་གཅིག་སྒྲིལ་ཐུབ་རྒྱུ་རེད། ད་ལོ་ནི་ཁམ་ཕུ་ཁྲེའི་མི་དམངས་ཏང་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ཏང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེ་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་ལམ་བུར་ཡག་པོ་བསྐྱོད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་དབར་གྱི་མཐུན་སྦྱོར་ཨུ་ལྷན་གྱི་ནུས་པ་བཏོན་ནས“བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས”འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། གློག་ཤུགས་དང་ཞིང་ལས་སོགས་སྲོལ་རྒྱུན་ཐོན་ལས་ལེགས་སུ་གཏོང་བ། མི་ཐབས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཐོན་ལས་སྐྱེད་སྲིང་བཅས་བྱས་ཏེ་ཁམ་ཕུ་ཁྲེའི་རྒྱལ་ཇུས་དམངས་འཚོར་ཕན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་ཡག་པོ་སྤྱད་ནས་མཉམ་དུ་རྫུན་བཟོ་ལྐོག་འདྲེན་དང་། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་སྟེ་ཐུན་མོང་གི་ཁེ་ཕན་དང་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཁམ་ཕུ་ཁྲེ་དང་ཐེ་ལན་དབར་གྱི་དམག་མཚམས་འཇོག་པའི་གནས་བབ་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་རིམ་བཞིན་ཟབ་ཏུ་གཏོང་བ་དེ་རྒྱལ་ཁབ་གཉིས་པོའི་གཞི་རྩ་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་པས། ཁམ་ཕུ་ཁྲེ་དང་ཐེ་ལན་དབར་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ཐག་གཅོད་ཇུས་གཞི་འཚོལ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད།
ཧུང་མཱ་ནའེ་ཡིས་གསུངས་དོན། ཀྲུང་གོས་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདུ་ཤེས་གལ་ཆེན་དང་འདོད་ཚུལ་གལ་ཆེན་བཏོན་གནང་བ་དེས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་དམ་ཟབ་བྱེད་པའི་སྲིད་ཇུས་འགྱུར་ལྡོག་གཏན་ནས་གཏོང་མི་སྲིད་ལ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་ཧུར་ཐག་གཞོལ་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་བསྒྲུབས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཚོང་དོན་རྒྱ་ཆེར་གཏོང་བ། རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་བྱེད་པ། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་མཐུན་འཇུག་ཧུར་ཐག་བྱས་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་དབར་གྱི་མཐའ་མཚམས་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བར་ཁམ་ཕུ་ཁྲེ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་ཀྱིས་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་ཡིན།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཁྲེན་ཅི་ཉིང་སོགས་ལྷན་དུ་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།
ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཤིས་ཅའོ་གསོལ་མགྲོན་ཁང་དུ་ཀྲུང་གོར་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་བཞེས་ནས་ལོ་10ཡི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་ཁྲིད་དེ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ལ་སྒྱུར་བཅོས་བྱེད་འགོ་བཙུགས་པ་བཅས་གནང་བར་ཀྲུང་གོ་ཕྱོགས་ཀྱིས་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། ད་ལོ་ནི་ཀྲུང་གོ་གསར་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་55འཁོར་བའི་ལོ་ཞིག་ཡིན། ལོ་55ཡི་རིང་། ཀྲུང་གོས་འཛམ་གླིང་ཞི་བདེའི་འཛུགས་སྐྱོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་པ་དེའི་བསམ་གཞིག་བྱ་ཡུལ་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་ཟབ་ཏུ་བཏང་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་དང་ཟང་ཟིང་གི་རྣམ་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་པས་ཕྱོགས་མང་རིང་ལུགས་ངོ་མ་སྔར་བས་ལག་བསྟར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་ནུས་པ་བསྐྱར་གསོ་ཐུབ་པ་བྱེད་དགོས་པ་སྟེ། གཅིག་ནས་དྲང་གཞག་དང་དྲང་བདེན་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཚང་མ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས་རྒྱལ་ཁབ་ཚང་མའི་བདག་དབང་དང་། མངའ་ཁོངས་ཆ་ཚང་། ཁྲིམས་མཐུན་ཁེ་དབང་བཅས་ཚང་མར་བརྩི་འཇོག་བྱེད་དགོས་པ་ལས་འཛམ་གླིང་འདི་ཉིད་ཆེ་བཙན་ཆུང་བརྙས་ཀྱི་དུས་རབས་སུ་བསྐྱར་ལོག་གཏན་ནས་བྱེད་དུ་འཇུག་མི་རུང་། གཉིས་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས། གཞུང་འཁྱོངས་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་ལ་བརྩི་སྲུང་ཞུས་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་ཡག་པོ་བྱེད་པ་ཞིག་ཡིན་པ་དང་། གསར་གཏོད་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་བསྟུན་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ། སྔར་བས་སྤུས་འབྲས་ལེགས་གཉེར་ཡོང་བ་བཅས་བྱེད་པ་ཞིག་ཡིན། གསུམ་ནས་ཐེག་ཁུར་འགན་སྒྲུབ་མཐའ་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་རྒྱལ་ཁབ་190ལྷག་ཙམ་ཚང་མ་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོར་བསྡད་ཡོད་པས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས། རྒྱལ་ཁབ་ཆེན་པོས་འགན་འཁྲི་སྔར་བས་མང་བ་ཁུར་ནས་བློ་གཤོགས་དེ་བས་ཆེ་བ་མངོན་པར་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོ་མཉམ་གནས་ཀྱི་ཡང་དག་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད།
ཀུའུ་ཐེ་ལེ་སི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་སྤྱིའི་དུས་བབ་དཀའ་ངལ་དང་རྙོག་འཛིང་ཇི་ཙམ་ཆེ་ནའང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ལ་མིག་དཔེ་བཟང་པོ་བསྟན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དོ་སྙོམས་མེད་པ་དག་བཅོས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རིག་ནུས་དགེ་བརྩོན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འགལ་རྐྱེན་སེལ་བ། དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱེད་པ་བཅས་ལ་གཞོལ་ནས་འདུ་ཤེས་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པར་སྐྱེ་བོ་ཀུན་གྱི་ཡི་རངས་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་པོ་དབང་ཡོད་བཅས་ལ་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་། འཛམ་གླིང་སྣ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཁྲེན་ཅི་ཉིང་སོགས་ལྷན་དུ་མཇལ་འཛོམས་ལ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།