ཞི་ཅིན་ཕིང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
■ ཚན་རིག་དང་མཐུན་པའི་འཚོལ་སྐྱོབ་སྒྲིག་འཛུགས་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་གཏོང་བ། སྐོར་ཞིབ་ཉེན་སེལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་ཆུ་ཚོད་9དང་སྐར་མ་10ཙམ་ལ། ཁྲུང་ཆིང་ཕེང་ཧྲུའེ་རྫོང་ཧན་ཅ་ཁྲོམ་གཞུང་དུ་རི་ཉིལ་ནས་མི་མང་པོ་དེའི་འོག་ཏུ་ཚུད་དེ་འབྲེལ་བ་ཆད་ཡོད།
གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གིས་ཁྲུང་ཆིང་ཕེང་ཧྲུའེ་རྫོང་དུ་རི་ཉིལ་ནས་མི་མང་པོ་དང་འབྲེལ་བ་ཆད་པར་ཚན་རིག་དང་མཐུན་པའི་འཚོལ་སྐྱོབ་སྒྲིག་འཛུགས་དང་ཞོར་ཐོན་གནོད་འཚེ་མ་ཐོན་པར་བྱས་ཏེ་རྨས་མ་སྐྱོབ་བཅོས་དང་རྗེས་འཇུག་སྒྲུབ་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་མ་ཟད། རྒྱུ་རྐྱེན་རྩད་གཅོད་གསལ་པོ་བྱས་ནས་གཅིག་ཤེས་ཀུན་གྲོལ་གྱིས་ས་གཤིས་ཀྱི་གནོད་འཚེ་སོགས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བདེ་འཇགས་ལས་དོན་གྱི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་གཏོང་བ། སྐོར་ཞིབ་ཉེན་སེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ཁྲུང་ཆིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་ཐག་གཅོད་དང་། རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་པ་དང་སྦྲགས། ཞོར་ཐོན་གནོད་འཚེ་མ་ཐོན་པར་བྱེད་དགོས་པ་དང་། ས་གནས་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་ཀ་ཏན་ཏིག་སྒྲུབ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་རོགས་སྐྱོབ་དང་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད། ཁྲུང་ཆིང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་ལ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། རྗེས་འཇུག་སྒྲུབ་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད། མིག་སྔར་འབྲེལ་ཡོད་ལས་དོན་ཁག་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།