དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་དངོས་ཟོག་བཏང་ནས་འབྲེལ་ཡོད་ས་ཁུལ་གྱིས་འབྲུབ་འགོག་ཉེན་སེལ་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱས་པ།

    མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-18

    ཟླ་7ཚེས་15ཉིན་གྱི་ཆུ་ཚོད་18ལ། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་འབབ་རྒྱུའི་ཉེན་བརྡ་སེར་པོ་དང་། རླུང་འཚུབ་དྲག་པོའི་གནམ་གཤིས་སྟོན་རྒྱུའི་ཉེན་བརྡ་སྔོན་པོ། དྲོད་ཚད་མཐོ་པོ་སྟོན་རྒྱུའི་ཉེན་བརྡ་སེར་པོ་བཅས་བསྟུད་མར་བཏང་བ་མ་ཟད། ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་སྟོན་རྒྱུའི་ལི་མདོག་ཉེན་བརྡ་དང་། རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ས་གཤིས་གནོད་འཚེའི་གནམ་གཤིས་ཀྱི་ཉེན་ཁ་ཐོན་པའི་ཉེན་བརྡ་སེར་པོའང་བཏང་བ་རེད།

    ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་མུ་མཐུད་སྡེ་ཚན་མང་པོ་སྒྲིག་འཛུགས་དང་མཉམ་དུ་གྲོས་མོལ་བྱས་ནས། ཉེ་དུས་དང“ལོ་ལྟར་གྱི་ཟླ་བདུན་པའི་ཟླ་དཀྱིལ་ནས་བརྒྱད་པའི་ཟླ་དཀྱིལ་བར”གྱི་འབྲུབ་འགོག་གི་འགག་རྩའི་དུས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་ཀྱིས་གཙོ་གནད་ས་ཁུལ་གྱི་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་བྱས་ཤིང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལེའོ་ཉིང་དང་ཅི་ལིན་ལ་དམིགས་པའི་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་དང་། ཧེ་ལུང་ཅང་དང་ཧྲན་ཏུང་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་པ་མ་ཟད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་མངགས་པའི་ལས་དོན་ཚོགས་ཆུང་གིས་ལེའོ་ཉིང་དང་ཅི་ལིན་དུ་མུ་མཐུད་འབྲུབ་འགོག་ལས་དོན་ལ་གཞོགས་འདེགས་མཛུབ་ཁྲིད་བྱེད་བཞིན་ཡོད།

    ཚེས་14ཉིན་གྱི་དགོང་མོར། ཆུ་བེད་པུས་ཆུ་བེད་པུའི་སུང་ཧྭ་ཅང་གཙང་པོ་དང་ལེའོ་ཧོ་ཆུ་བོ་འབབ་རྒྱུད་ཆུ་བེད་ཨུ་ལྷན་དུ་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱ་མཚོའི་རླུང་འཚུབ“པ་ཝུའེ”ཡི་ཤུགས་རྐྱེན་དང་དེ་བཞིན་སུང་ཧྭ་ཅང་གཙང་པོ་དང་ལེའོ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་འབྲུབ་འགོག་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་གིས་སུང་ཧྭ་ཅང་གཙང་པོ་དང་ལེའོ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ལོག་འགོག་སྲུང་ལས་དོན་ལ་མུ་མཐུད་བཀོད་སྒྲིག་བྱས་ཡོད། ཚེས་15ཉིན་ཆར་པ་བབས་པའི་རྐྱེན་གྱིས་སུང་ཧྭ་ཅང་གཙང་པོའི་ཆུ་ལག་ལྷ་ལིན་ཆུ་བོར་2026ལོའི་ཆུ་ལོག་དང་པོ་དེ་ཐོན་ཡོད། ཆུ་བེད་པུས་ཅི་ལིན་ལ་དམིགས་པའི་ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་དང་ལེན་རིམ་པ་Ⅲཔར་སྔ་སྣུར་དུ་མཐོ་རུ་བཏང་བ་དང་། རྒྱ་མཚོའི་རླུང་འཚུབ“པ་ཝུའེ”ཡི་ཤུགས་རྐྱེན་ཕོག་ནས་དྲག་ཆར་འབབ་པའི་རྐྱེན་གྱིས་མིག་སྔར་སུང་ཧྭ་ཅང་གཙང་པོ་དང་ལིང་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་བོ་41གི་ཆུ་ཁ་་སྔར་བཞིན་ཉེན་ཟོན་ཚད་གཞི་ལས་བརྒལ་བའི་ནང་། ཧུའེ་ཧྥ་ཆུ་བོ་དང་། དགའ་ཡཱ་ཆུ་བོ། མུའུ་ཏན་ཅང་གཙང་པོ་སོགས་ཆུ་བོ་12ཀྱི་ཆུ་ཁ་ཉེན་ཁའི་གཏན་འབེབས་ཀྱི་ཚད་གཞི་ལས་བརྒལ་ཡོད། ཆུ་བེད་པུའི་ཆ་འཕྲིན་ལྟེ་གནས་ཀྱིས་ཆུ་ལོག་ཐོན་ཉེའི་ཉེན་བརྡ་སེར་པོ་མུ་མཐུད་གཏོང་བཞིན་ཡོད།

    ཚེས་15ཉིན་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་རྒྱ་མཚོའི་རླུང་འཚུབ“པ་ཝུའེ”དང་དེ་བཞིན་དྲག་ཆར་བབས་པའི་རྐྱེན་གྱིས་ཅི་ལིན་ལ་ཤུགས་རྐྱེན་ཆེན་པོ་བཟོས་པར་དམིགས་ཏེ། རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་སྒོར་ཁྲི་3000འཕྲལ་མར་བཀོད་སྒྲིག་བྱས་ནས་ཅི་ལིན་གྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་དྲག་ཆར་དང་། ཆུ་ལོག ཞོད་སྐྱོན་བཅས་ཀྱི་གནོད་འཚེ་ཕོག་རྗེས་ཀྱི་འཕྲལ་སྡོམ་སླར་གསོར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཅི་ལིན་དུ་ཐོན་པའི་དྲག་ཆར་དང་། ཆུ་ལོག ཞོད་སྐྱོན་བཅས་ཀྱི་གནོད་འཚེའི་ཤུགས་རྐྱེན་ལ་དམིགས་ཏེ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་ཅི་ལིན་ལ་ལྟེབ་ཁྲི་དང་། གདན། ཁྱིམ་སྤྱོད་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་9000སྤྲད་ཡོད།

    གསར་འགོད་པས་ལེའོ་ཉིང་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱ་མཚོའི་རླུང་འཚུབ“པ་ཝུའེ”ཡི་ཕྱི་འཁོར་སྤྲིན་ནག་གི་ཤུགས་རྐྱེན་དབང་གིས་ཚེས་12ཉིན་གྱི་ཆུ་ཚོད་20ནས་ཚེས་15ཉིན་གྱི་ཆུ་ཚོད་ཀླད་ཀོར་བར། ལེའོ་ཉིང་གི་ས་ཁུལ་དང་གྲོང་ཁྱེར་9ལ་ཆ་སྙོམས་དྲག་ཆར་ཤུགས་ཆེན་བབས་ཡོད། ཚེས་14ཉིན་ལེའོ་ཉིང་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་རེ་ཞུ་དང་ལེན་བྱས་ནས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་ལེའོ་ཉིང་ལ་འགྱིག་ཕད་ཁྲི་50དང་། འགྱིག་རས་སྨི་ངོས་གྲུ་ཁྲི་10 ཆུ་རགས་སྐོར་ཞིབ་ཉེན་སྒྲོན150སོགས་ཀྲུང་དབྱང་གི་འབྲུབ་འགོག་དངོས་ཟོག་མང་དུ་བཏང་ནས་ལེའོ་ཉིང་གི་འབྲུབ་འགོག་ཉེན་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།

    ཚེས་15ཉིན་ཧོ་པེ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཧོ་པེ་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་མཉམ་དུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་བརྡ་བཏང་ཞིང་། ཚེས་15ཉིན་གྱི་ཆུ་ཚོད་15ནས་ཚེས་16ཉིན་གྱི་ཆུ་ཚོད་15བར། ཁྲེང་ཏེ་གྲོང་ཁྱེར(ཁྲེང་ཏེ་རྫོང་དང་། ཁོན་ཁྲེང་མན་ཇུ་རིགས་རང་སྐྱོང་རྫོང་། ཕིང་ཆོན་གྲོང་ཁྱེར། ཤིན་ལུང་རྫོང་བཅས)དང་། ཐང་ཧྲན་གྲོང་ཁྱེར(ཆན་ཤིས་རྫོང་དང་ཙུན་ཧྭ་གྲོང་ཁྱེར)དུ་གས་རྡིབ་དང་རི་ཉིལ་བ་སོགས་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁ་ཅུང་ཆེ་ཚུལ(ཉེན་བརྡ་སེར་པོ)བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།