2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་པི་སི་ཁེག་ཏུ་བྱས་པ།
2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཤེས་དཔལ་གླེང་མོལ་ཚེས་14ཉིན་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་རྒྱལ་ཁབ་ལོ་རྒྱུས་རྟེན་མཛོད་ཁང་དུ་བྱས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། སྨྱན་སྦྱོར། རིག་གནས་དང་རིག་གཞུང་ལས་རིགས་བཅས་ཀྱི་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས། དེང་གི་དུས་འདིར་འཛམ་གླིང་རྒྱལ་ཁབ་ཁག་གི་ལས་དབང་གཅིག་ཏུ་དམ་པོར་འབྲེལ་ཡོད་པ་དང་། ཤེས་དཔལ་མི་འདྲ་བའི་བར་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དཔྱད་གཞིར་འཛིན་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད། ལོ་ངོ་འདི་དག་རིང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཁ་ཚ་དགོས་གཏུགས་ཀྱི་དཀའ་གནད་སེལ་བར་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གལ་ཆེན་མཁོ་འདོན་བྱས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་ཆོས་རིག་གནས་སྤེལ་རེས་འདི་ཉིད་བརྟན་བགྲོད་རྒྱང་འཁྱོལ་གྱི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ནས་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་དངོས་སྒྲུབ་མཉམ་ལས་རབ་དང་རིམ་པ་བྱས་ཤིང་། “རང་གི་རྒྱན་གྱིས་རང་ཉིད་བརྒྱན། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས”པའི་ཤེས་དཔལ་སྲོལ་རྒྱུན་དེ་ས་ཁུལ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རིག་གནས་གཞི་རྒྱུ་དང་གཏིང་ཟབ་འདྲེས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤེས་དཔལ་གླེང་མོལ་གྱི་ལོ་རྒྱུས་ཀྱི་ནང་དོན་ཟབ་ཤོས་སུ་གྱུར་ཡོད་ཅེས་ངོས་འཛིན་བྱས།
ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པ་ཝུའུ་ལན·མཱ་མཱ་ཐེ་ཁ་ནུའོ་ཧྥུའུ་ཡིས། དེང་སྐབས་འཛམ་གླིང་འདི་ཉིད་ཚན་རྩལ་འགྱུར་ལྡོག་མགྱོགས་པོ་དང་རྒྱལ་སྤྱིའི་འབྲེལ་བ་ཕྱོགས་སྒྱུར་གཏིང་ཟབ་ཡོང་བཞིན་པའི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཁག་གིས་དོན་ངོ་མས་ཕྱུག་པའི་གླེང་མོལ་དང་། རིག་གནས་སྣ་མང་རང་བཞིན་ལ་བརྩི་འཇོག དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་དྲིས་ལན་མཉམ་དུ་འཚོལ་བ་བཅས་བྱེད་པ་དེ་ཧ་ཅང་གལ་འགངས་ཆེན་པོར་མངོན། ཁེར་གྷི་སི་ཐན་གྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ་དང་། དེ་བཞིན་རིག་གནས་སྣ་མང་ལ་བརྩི་འཇོག་དང་། ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི་རྩ་དོན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྩ་དོན་འདི་དག་ནི“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ལྟེ་བའི་ནང་དོན་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།