དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-18

    བདེ་འཇགས་ཐོན་སྐྱེད་ནི་མི་དམངས་ཀྱི་བདེ་སྐྱིད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལ་དམིགས་ནས་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་འགངས་ཆེའི་རང་བཞིན་ལ་གསལ་བཤད་གཏིང་ཟབ་གནང་ཡོད། བདེ་འཇགས་དང་འབྲེལ་བ་ཡོད་ཕྱིན་དོན་ཆུང་མིན། ཕྲག་ཏུ་བབས་པའི་འགན་འཁྲི་གང་ལས་ཀྱང་ལྕི། དུས་རབས་ཇི་ལྟར་འཕེལ་རྒྱས་ཕྱིན་ནའང་འདྲ། ལས་དོན་ལ་སྐུལ་འདེད་ཇི་ལྟར་བཏང་ནའང་འདྲ། གང་ལྟར་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་།

    བདེ་འཇགས་ནི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་སྔོན་འགྲོའི་ཆ་རྐྱེན་རེད་ལ། ས་གནས་བརྟན་ལྷིང་འཕེལ་རྒྱས་ཡོང་བའི་རྨང་རྡོ་ཡང་རེད། ཟས་གོས་འགྲོ་སྡོད་དང་ཐོན་སྐྱེད་ངལ་རྩོལ་གང་ཡིན་རུང་ཚང་མ་བདེ་འཇགས་བརྟན་སྲུང་དང་ཁ་འབྲལ་ཐབས་མེད། མང་ཚོགས་དཀྱུས་མའི་ངོས་ནས་བརྗོད་ན། བདེ་འཇགས་ནི་སྟབས་བདེ་ཤོས་ཀྱི་རེ་སྒུག་ཅིག་དང་། ལས་རིགས་ཁག་གི་ངོས་ནས་བརྗོད་ན། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཚོང་དོན་དང་འཛུགས་སྐྲུན་ཨར་ལས་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་བཅས་བར་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ཆུང་ས་དང་མངོན་མེད་སར་ཡོད་པས་ལྷོད་གཡེང་ཕྲན་བུ་ཤོར་ན་ལས་འཛོལ་ཡོང་ཉེན་ཆེ་ཞིང་། སྒྲིག་འགལ་གྱི་བཀོལ་སྤྱོད་བྱེད་ཐེངས་གཅིག་དང་། སྒྲིག་བཀོད་ཀྱི་ཆད་ལུས་བྱུང་ཐེངས་གཅིག བསམ་བློར་ལྷོད་གཡེང་ཤོར་ཐེངས་གཅིག་ལས། བརྟན་ལྷིང་གི་འཚོ་བ་མེད་པར་ཆགས་ཏེ། ཁྱིམ་ཚང་ལ་སྡུག་བསྔལ་ཡོང་སྲིད་ལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཡང་ཐེབས་སྲིད། དེས་ང་ཚོར་བདེ་འཇགས་ཐོན་སྐྱེད་ནི་རྒྱུན་ཆད་ཐབས་མེད་པ་དང་། དེ་བས་སྟེས་དབང་གི་བསམ་བློ་འཁྱེར་མི་རུང་བའི་དྲན་སྐུལ་བྱས་ཡོད།

    བདེ་འཇགས་ཀྱི་མཐའ་ཚད་ལེགས་པར་སྲུང་དགོས་ན། ཐོག་མར་བསམ་བློའི་འགོག་རགས་བརྟན་དུ་གཏོང་དགོས། བདེ་འཇགས་ཀྱི་ལས་འཛོལ་མང་ཆེ་བའི་འབྱུང་རྩ་ནི་བསམ་བློ་ལྷོད་གཡེང་ཤོར་བ་དང་འདུ་ཤེས་ཞན་པས་རེད། མི་ལ་ལས“སྐབས་འགར་སྒྲིག་ཁྲིམས་ལས་འགལ་ན་སྐྱོན་མེད”དང“མངོན་མེད་རྐྱེན་ངན་ཆུང་ཙག་གིས་གནས་ཚུལ་ཆེན་པོ་ལྷག་མི་སྲིད”སྙམ་གྱི་ཡོད། བསམ་བློ་དེ་རིགས་ཡུན་རིང་འཁྱེར་ན་ལྷོད་གཡེང་ཤོར་རྒྱུ་ཉག་ཅིག་རེད། བདེ་འཇགས་ཐོན་སྐྱེད་ཀྱི་མདུན་དུ“འགྲིག་ཙམ”དང“ཁྲལ་འཁྱོལ་ཙམ”གྱིས་ཡོང་ཐབས་གཏན་ནས་མེད། དེས་ན་ང་ཚོས་དུས་རྒྱུན་དུ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་ཉེན་ཟོན་སློབ་གསོ་སྤེལ་ནས། བདེ་འཇགས་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོའི་གང་ས་གང་དུ་འཇགས་པར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་སེམས་ལ་འཇོག་པ་དང་། བྱ་སྤྱོད་ཐོག་འཁྱོལ་བར་བྱེད་པ། ཉེན་ཁ་ཆེ་བའི་གོམས་གཤིས་རང་འགུལ་ངང་དོར་བ། ཉེ་འགྲམ་གྱི་མངོན་མེད་རྐྱེན་ངན་རང་འགུལ་ངང་གྲལ་བཤེར་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་ཚང་མས་བདེ་འཇགས་ཤེས་པ་དང་མི་ཚང་མས་བདེ་འཇགས་སྲུང་རྒྱུ་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བ་བྱེད་དགོས།

    འགན་འཁྲི་ནན་དུ་གཏོང་རྒྱུ་ནི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་རེད། མི་ཚང་མར་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་འགན་འཁྲི་ཡོད་པས། ངེས་པར་དུ་མི་ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། དུས་རྒྱུན་དུ་བདེ་འཇགས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐག་གཅོད། སྔ་ཙམ་གཙང་སེལ་བཅས་བྱེད་དགོས། རིགས་ཁག་གི་གཉེར་སྐྱོང་བྱེད་པོ་དང་ཐོན་སྐྱེད་ཚན་པས་བྱེད་པོའི་འགན་འཁྲི་ཁུར་ནས། བདེ་འཇགས་སྒྲིག་ཆས་སྒྲིག་སྦྱོར་དང་། བཀོལ་སྤྱོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ལས་མི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་འཇགས་བླང་བྱ་དེ་ཐོན་སྐྱེད་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། རྒྱ་ཆེའི་ལས་བྱེད་པས་རང་འགུལ་ངང་གདོང་ལེན་དང་རང་འགན་གཙང་སྒྲུབ་ཀྱིས་བདེ་འཇགས་ཀྱི“ལྟ་སྐུལ་པ”ཡག་པོ་ཞིག་དང་མང་ཚོགས་ཀྱི“དྲིལ་བསྒྲགས་པ”ཡག་པོ་ཞིག་བྱས་ཏེ། སྤྱོད་ཚུལ་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་འགག་སྒོ་མཐའ་དག་ནན་པོར་སྲུང་དགོས།

    དམངས་འཚོ་ཡིན་ཕྱིན་དོན་ཆུང་གཏན་ནས་མིན། དོན་ཆུང་ཡིན་ཡང་རྟག་ཏུ་དོ་ཁུར་བྱེད། བདེ་འཇགས་ཐོན་སྐྱེད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། མིག་སྔར། རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་བརྟན་པོ་འགྲོ་བཞིན་ཡོད་པས། འཕེལ་རྒྱས་ཇི་ཙམ་མྱུར་ཚེ་བདེ་འཇགས་ཀྱི་མཐའ་ཚད་དེ་བས་ཀྱང་བརྟན་པོ་སྲུང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཆུང་ས་ནས་དམ་འཛིན་དང་། རྒྱུན་དུ་དམ་འཛིན། ཡུན་རིང་དམ་འཛིན་བཅས་བྱས་ནས། སྐྱོན་ཆ་དང་མངོན་མེད་རྐྱེན་ངན་གཅིག་ཀྱང་མི་ལྷག་པ་བྱེད་དགོས།

    བདེ་འཇགས་ནི་ཡུལ་ལྗོངས་མཛེས་ཤོས་དང་བདེ་རྩ་ཆེ་ཤོས་རེད། ང་ཚོས་བློ་སེམས་གཅིག་མཐུན་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ། རྟག་ཏུ་སྣང་ཆུང་མི་གཏོང་བའི་འགན་འཁྲི་སྒྲུབ་སེམས་ལ་བརྟེན་ནས་བདེ་འཇགས་ཀྱི་འགོག་རགས་བརྟན་སྲུང་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་སྲུང་དགོས་ཤིང་། བདེ་འཇགས་འགན་སྲུང་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།