ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།

ཟླ་7ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཤིས་ཅའོ་གསོལ་མགྲོན་ཁང་དུ་ཀྲུང་གོར་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།
ཟླ་7ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཤིས་ཅའོ་གསོལ་མགྲོན་ཁང་དུ་ཀྲུང་གོར་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བ་ཞིག་འབྱུང་བཞིན་ཡོད་ཅིང་། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་པོའི་འབྲེལ་བ་ཚོད་བགམ་དང་ཉམས་སད་ཁྲོད་དུས་ཡུན་ཇི་ཙམ་སོང་ན་དེ་ཙམ་བརྟན་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་ཡུན་རིང་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་རྒྱུན་མཐུད་ཐུབ་པ་ལས། མཉམ་ལས་ཀྱི་གཏིང་ཤུགས་དང་འཕེལ་རྒྱས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུས་མ་ཐག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་འབད་འཐབ་ཁྲོད་རྒྱུན་ཆད་མེད་པར་འོད་སྟོང་བཏོད་ཐུབ་དོན་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུན་སྲིང་ལྷོད་མེད་ངང་བདེན་དོན་དོན་གཉེར་དང་། མི་དམངས་ཁྲོད་རྩ་བ་བརྟན་པོ་ཚུགས་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། རང་ངོས་སྟོབས་ཆེར་གཏོང་བར་གཙིགས་ཆེན་བྱེད་པ་སོགས་ཀྱི་ཕུལ་བྱུང་གི་ཁྱད་ཡོན་ལྡན་པས་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གྱི་འགག་རྩའི་གསང་ཨང་རེད། ཧ་སག་སི་ཐན་གྱིས་ཕྱོགས་ཡོངས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་གཞིགས་ནས་བཏོན་པའི་འཐབ་ཇུས་ཀྱི་འཆར་འགོད་ཅིག་རེད། ཀྲུང་གོ་དང་ཧ་སག་སི་ཐན་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཐུན་མོང་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འཐབ་ཇུས་རོགས་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་དང་ཚོང་དོན་གྲུབ་ཆ་ལེགས་སྒྲིག་བྱས་ནས། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། ནུས་རྒྱུ་དང་གཏེར་རྫས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་གཙོ་གནད་རྣམ་གྲངས་དོན་འཁྱོལ་ལག་བསྟར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཕན་ཚུན་འབྲེལ་མཐུད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཐད་གཏོང་དུས་གཏན་གནམ་གྲུ་དེ་བས་མང་དུ་བཏང་སྟེ། རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་མཉམ་སྤྱོད་བྱས་ནས་ཧ་སག་སི་ཐན་གྱི་གྲངས་གཞི་ཅན་ལ་ཕྱོགས་སྒྱུར་ཡོང་བར་རམ་འདེགས་བྱེད་འདོད་ཡོད། “ཀྲུང་ཧའི་རིག་གནས་སྤེལ་རེས་ལོ”ཡག་པོ་གཉེར་ནས་སློབ་གསོ་དང་། ཚན་རྩལ། སྨན་བཅོས། འཕྲོད་བསྟེན། ལུས་རྩལ། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ཐོ་ཁཱ་ཡེ་ཧྥུའུ་ཡིས་གསུངས་དོན། གསར་གཏོད་ཀྱི་གསོན་ཤུགས་ཀྱིས་ཁེངས་པའི་ཧྲང་ཧའེ་གྲོང་ཁྱེར་དུ་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་གྱིས་ཧ་ཀྲུང་འབྲེལ་བ་དེ་ཧ་སག་སི་ཐན་གྱི་ཕྱི་འབྲེལ་ཁ་ཕྱོགས་གཙོ་བོར་བརྩིས་ནས་ཀྲུང་གོ་དང་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པ་ཟབ་ཏུ་གཏོང་བར་གཞོལ་བཞིན་ཡོད། ཧ་སག་སི་ཐན་ཕྱོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྐོར་གྱི་དགོངས་འཆར་གལ་ཆེན་ལ་རྦད་དེ་མོས་མཐུན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་ཧུར་ཐག་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ནས་ཚོང་དོན་དང་། མ་འཇོག འགྲིམ་འགྲུལ། ནུས་རྒྱུ། ཞིང་ལས། གྲངས་འཛིན་དཔལ་འབྱོར་སོགས་ཐད་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་ཧ་སག་སི་ཐན་ཕྱོགས་ཀྱིས་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ། ཨེ་ཤེ་ཡ་ཕན་ཚུན་རོགས་རེས་དང་ཡིད་རྟོན་བྱ་ཐབས་གྲོས་ཚོགས་སོགས་ཀྱི་ཕྱོགས་མང་ལས་སྟེགས་སུ་ཆུ་ཚད་མཐོ་བའི་རོགས་ལས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཉམ་ལས་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
མཇལ་འཛོམས་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་དང་། འགྲིམ་འགྲུལ། ནོར་སྲིད། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པ་དང་ཁྱབ་བསྒྲགས་བྱེད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།