དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོག་མའི་བསམ་འདུན་མི་འགྱུར་སེམས་ལ་བཅངས། ལོ་བཅུའི་འཕོ་འགྱུར་ཟབ་མོས་དམངས་འཚོར་ཕན།

    ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བའི་ལོ་བཅུའི་རིང་གི་སྣ་དཀར་རྩེ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    འདི་ནི་སྣ་དཀར་རྩེ་རྫོང་གྲོང་གི་རྣམ་པ་ཡིན་པ།

    འདི་ནི་སྣ་དཀར་རྩེ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཆེད་ལས་ལག་རྩལ་པ་སྒྲིག་འཛུགས་བྱས་ནས་སོན་བཟང་ལ་ཚོད་སྐོར་བྱེད་བཞིན་པ།

    འདི་ནི་ཡར་འབྲོག་གཡུ་མཚོའི་ངོགས་སུ་ཡུལ་སྐོར་བ་མང་བ།

    འདི་ནི་དུས་ཐུང་རྒྱགས་གསོ་བྱས་པའི་གསོ་མཁས་ཀྱི་ལུག་ཡིན་པ།

    འདི་ནི་ཡར་འབྲོག་གཡུ་མཚོའི་ངོགས་སུ་རྩྭ་ཆུར་རོལ་བཞིན་པའི་རྒྱུད་བཟང་བ་མོ་ཡིན་པ།

    བགྲང་བྱ་བཅུ་ཡི་རིང་དཀའ་ངལ་དུ་མ་ཁྱད་དུ་བསད། བགྲང་བྱ་བཅུ་ཡི་རིང་མི་ཡུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར། 2016ལོ་ནས་2026ལོའི་བར། ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བའི་གོམ་སྟབས་དང་བསྟུན་ནས་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པའི་སྣ་དཀར་རྩེ་རྫོང་དེ་ས་བབ་མཐོ་ལ་ས་རྒྱུ་ཞན་ཞིང་འགྲིམ་འགྲུལ་སྟབས་བདེ་མེད་པ་ནས་དམངས་འཚོར་འགྱུར་ལྡོག་དང་། ཐོན་ལས་དར་རྒྱས། སྐྱེ་ཁམས་བཟང་བ་སོགས་དུས་རབས་གསར་རྐྱང་ཞིག་ཏུ་སླེབས་ཡོད།

    བགྲང་བྱ་བཅུའི་རིང་འབྲོག་པ་དཀྱུས་མ་དང་། ཕ་ཡུལ་དུ་ལོག་པའི་གཞོན་ནུ། གཞི་རིམ་ལས་བྱེད་པ། བོད་སྐྱོར་ལས་དོན་པ་བཅས་བགྲང་ལས་འདས་པས་ཡར་འབྲོག་གཡུ་མཚོའི་ངོགས་སུ་ཆགས་པའི་ས་གཞི་དེར་རྩ་བ་ཚུགས་ནས་སྲིད་ཇུས་བཟང་པོ་དང་བསྟུན་ཏེ་ཁྱིམ་ཚང་རེ་རེའི་འཚོ་བའི་འཕོ་འགྱུར་དང་མི་དཀྱུས་མ་རེ་རེའི་འབད་འཐབ་ལ་བརྟེན་ནས་སྣ་དཀར་རྩེ་རྫོང་གི་བགྲང་བྱ་བཅུའི་འབད་འཐབ་མདུན་སྐྱོད་ཀྱི་གསོན་ཉམས་དོད་པའི་རྣམ་པ་བཏོད་ཁར། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།

    ① ཁྱད་ལྡན་ཐོན་ལས་ལས་ས་མཐོའི་གྲོང་གསེབ་ཀྱི་གསོན་ཤུགས་གསར་པ་འཕེལ་བ།

    སྔོན་ཆད་སྣ་དཀར་རྩེའི་མང་ཚོགས་ཚོས་མི་རབས་ནས་མི་རབས་བར་གནམ་ཆུ་སྒུག་ནས་ནོར་ལུག་འཚོ་བ་དང་། ས་ཞིང་འདེབས་ཁྱོན་ཆེ་རུང་ཐོན་འབབ་དམའ་བ། ཡོང་འབབ་གསོག་ཐབས་སྣ་གཅིག་ཡིན་པ་རེད། བགྲང་བྱ་བཅུའི་རིང་འགྱུར་ལྡོག་གཏིང་ཟབ་བཏང་བ་བརྒྱུད། ས་གནས་དེས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་དང་ས་མཐོའི་ཁྱད་ཆོས་ལ་གཞི་ཚུགས་ནས་རི་ཆུ་དང་རྩྭ་ཐང་གི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པ་དང་། རིག་གནས་ཡུལ་སྐོར་དང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པས། ཞིང་འབྲོག་མང་ཚོགས་དཀྱུས་མའི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ནས་ཁྱིམ་གྱི་སྒོ་རྩར་འབབ་འཕར་ཕྱུག་འགྱུར་བྱུང་སྟེ་དེ་སྔ་བསམ་བློར་ཡང་འཁོར་མ་མྱོང་བའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད།

    ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་གྲོང་སྡེ་དག་ལ་སྔ་ས་ནས་མཛེས་ལྗོངས་ལ་བརྟེན་ཏེ་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་དཔལ་སྡེ་ཤང་གྲ་མ་ལུང་གྲོང་ཚོའི་ལོ་76ལ་སླེབས་པའི་བདེ་སྐྱིད་དབྱངས་ཅན་གྱིས་ཇ་སྲུབས་མ་ཞིམ་པོ་ཞིག་ཁྱེར་ཏེ་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་བྱེད་ཀྱི་ཡོད། ཁོམ་པ་ཡོད་དུས་ཁོང་གིས་ཡུལ་སྐོར་བ་དང་མཉམ་དུ་རྩམ་པ་ཟ་བ་དང་། ལྗོངས་ཕྱིའི་གནས་ཚུལ་གསར་པ་ནན་ཏན་ངང་ཉན་གྱི་ཡོད། ཁོང་གི་དྲན་ཤེས་ནང་དེ་སྔའི་ཡར་འབྲོག་གཡུ་མཚོའི་རྒྱུད་ནི་ལུང་ཁུག་ཡིན་པས་ཡུལ་སྐོར་བས་སྐབས་འཕྲལ་གུར་བརྒྱབ་ནས་ཞག་སྡོད་བྱ་རྒྱུ་ལས་མ་འདས། ད་ཆ་གྲ་མ་ལུང་གྲོང་ཚོའི་མཐའ་འཁོར་ཁོ་ན་ནས་ཡུལ་སྐོར་གྱི་ཉལ་ཁྲི་58མཁོ་འདོན་ཐུབ་ཀྱི་ཡོད། ཡུལ་མི་སྐལ་བཟང་ནོར་བུས་ད་ཆ་ཁྱིམ་དུ་འཁྲུག་ཆ་དོད་ཤོས་ཀྱི་དུས་ཚིགས་ནི་བོད་ཀྱི་ལོ་གསར་ཁོ་ན་མ་ཡིན་པར། ཡུལ་སྐོར་བ་མང་བའི་དུས་སུ་མཚོའི་མཛེས་ལྗོངས་ལ་ལྟ་ཆོག་པའི་དམངས་སྲོལ་གནས་ཚང་ཡོད་པས་འབྲོག་པ་དཀྱུས་མའི་ཡོང་འབབ་སྔར་ལས་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།

    འདབ་ལུང་སྡེ་ཁུལ་གྱི་སྒྲོལ་དཀར་གྱིས་ཁྱིམ་གྱི་སྒོ་རྩའི་མཚོ་སྐོར་ལམ་བུར་བརྟེན་པ་ལས་ཁྱིམ་ཚང་གི་འཚོ་བར་རྦད་དེ་འགྱུར་ལྡོག་བྱུང་ཡོད། ལོ་བཅུ་ཡི་གོང་དུ་ཁོང་ཁྱིམ་ལ་ལོ་འཁོར་མོར་དངུལ་སྨར་ཡོང་འབབ་དེ་ཙམ་མེད་པས། འཚོ་བའི་འཁོས་ཀ་ཞན་ཙམ་ཡོད། ད་ཆ་གྲོང་གསེབ་ཞིང་ཐང་གི་དམངས་སྲོལ་གནས་ཚང་གི་ཐོན་ལས་ལ་བརྟེན་ནས་ལོར་ཡོང་འབབ་སྒོར་ཁྲི་8ལྷག་ཡོང་གི་ཡོད།

    འབྲོག་ལས་རབས་བརྗེ་རིམ་སྤོར་བྱས་པས་འབྲོག་པར་འཕེལ་རྒྱས་ཀྱི་ཁེ་སྤོགས་མང་པོ་བྱུང་ཡོད། ལྷུན་པོ་ཞོལ་ཤང་གསོ་མཁས་གྲོང་ཚོའི་ལུག་ནི་ཤ་སྤུས་དག་ཅིང་བྲོ་བ་ལེགས་པས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་དང་སྤུས་ལེགས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ཁུངས་ཀྱི་ཁས་ལེན་དཔང་འདོན་ཐོབ་པས། གྲོང་ཚོས“1+N”བྱེད་སྟངས་སྤྱད་དེ་ཉེ་འཁོར་གྲོང་ཚོའི་སྣེ་ཁྲིད་དེ་མཉམ་དུ་གསོ་ཚགས་བྱས་ནས་སྲོལ་རྒྱུན་གྱི་འབྲོག་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་བཏང་བར་བརྟེན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་54བར་མང་དུ་ཕྱིན་ཡོད། སྟག་ལུང་གྲོང་རྡལ་ཞྭ་མདའ་སྡེ་ཁུལ་གྱིས་ཏང་ཀྲི་པུའུ་+དུས་ཐུང་འབྲི་གཡག་རྒྱགས་གསོ་བྱེད་སྟངས་གསར་གཏོད་བྱས་ནས་འབྲི་གཡག་གསོ་ཚགས་དེ་རགས་ལས་ཁ་ཐོར་ནས་ཞིབ་ཚགས་གསོ་ཚགས་ལ་བསྒྱུར་བས་སྡེ་ཁུལ་ལ་ལོར་འབབ་འཕར་སྒོར་ཁྲི་243བྱུང་ཡོད།

    ② ལྗང་མདོག་རྨང་གཞིར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལེའུ་གསར་བརྩམས་པ།

    རི་སྔོན་ཆུ་དྭངས་ནི་སྣ་དཀར་རྩེའི་རྨང་གཞི་བརྟན་ཤོས་དང་སྐྱེ་ཁམས་སྲུང་སྐྱོང་ནི་འཕེལ་རྒྱས་ཀྱི་བརྟན་སྲུང་ཡག་ཤོས་ཤིག་རེད། ལོ་བཅུའི་རིང་ས་གནས་དེས་རགས་ལས་འཕེལ་རྒྱས་ཀྱི་བསམ་བློ་གཏོང་སྟངས་དོར་ཏེ། ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་པ་བཅངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་དང་། ལས་བྱེད་པ་དང་། མང་ཚོགས། སྤྱི་ཕན་ལས་དོན་པ་བཅས་བགྲང་ལས་འདས་པས་འཐབ་ས་དང་པོར་གཞི་ཚུགས་པ་དང་སྐད་གྲགས་མེད་པར་བརྟན་སྲུང་བྱས་པ། བྱ་སྤྱོད་ཆུང་ངུར་བརྟེན་ནས་ས་མཐོའི་སྐྱེ་ཁམས་སླར་གསོ་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་བསྲུངས་ནས། བྱེ་འགྱུར་རྩྭ་རར་སྐྱེ་སྟོབས་བསྐྱར་དུ་འཕེལ་བ་དང་གངས་ལྗོངས་ཀྱི་ཆུ་བོ་དང་མཚོ་མོ་ནམ་ཡང་དྭངས་གཙང་ཡོང་བར་བྱས་ཡོད།

    མཁར་ལུང་ཤང་རྒྱ་གྲུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བས“ལྗོན་ཤིང་ཨ་ཕ”དཔལ་འབྱོར་གྱིས་ས་མཐོར་རྩ་བ་ཚུགས་ནས་ལྗོན་ཤིང་བཙུགས་པའི་རྣམ་པ་ཡིད་ལ་གསལ་ལེར་དྲན་ནས་ཡོད། མཐོ་གྲང་བྱེ་ཐང་དུ་ལྗོན་ཤིང་འཛུགས་ཆེད་དཔལ་འབྱོར་གྱིས་ཕི་ཁ་རླངས་འཁོར་ཞིག་བཏང་ནས་སྡོང་ཕྲུག་རྐང་5000ལྷག་ཙམ་ས་བབ་སྨི་4400ལྷག་ཙམ་ཟིན་པའི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་དབོར་ཏེ། ཡུལ་མི་ཚོར་རིན་མེད་ངང་སྤྲད་པ་མ་ཟད། འོས་འགན་ཤིང་འཛུགས་ལ་མཛུབ་ཁྲིད་ཀྱང་བྱས་པ་རེད། ས་མཐོའི་འཁྱགས་སར་སྡོང་ཕྲུག་གསོན་དཀའ་བར་དམིགས་ཏེ། ཁོང་གིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱེད་པ་དང་། དོང་ཁུང་གི་གཏིང་རིང་ཚད་དང་། ས་སྐྱོར་གྱི་མཐོ་དམན་གནད་ལ་འཁེལ་བའི་སྒོ་ནས་ཚོད་འཛིན་བྱས་ཏེ། འཁྱགས་སའི་གནོད་འཚེ་འགོག་པ་དང་ས་རྒྱུའི་བཞའ་ཚན་མི་ཤོར་བ་བྱས་ཡོད། ཁོང་གི་མཛུབ་ཁྲིད་ཞིབ་ཚགས་འོག་སྡོང་ཕྲུག་འབོར་ཆེན་ཞིག་རྩ་བ་ཚུགས་པ་དང་སྐྱོན་བྲལ་ངང་སྐྱེ་འཚར་བྱུང་ནས། སྔོན་ཆད་ས་རྒོད་དུ་གྱུར་པའི་གྲོང་ཚོའི་ལམ་འགྲམ་དུ་རིམ་བཞིན་སྔོ་ལྗང་གིས་ཁེངས་ནས་ཡར་འབྲོག་གཡུ་མཚོའི་མཐའ་འཁོར་དུ་ལྗོན་ཤིང་མེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།

    སྐྱེ་ཁམས་བདག་སྐྱོང་བྱེད་སྟངས་མི་སེམས་སུ་གཏིང་ཟབ་ཟུག་པ་མ་ཟད། ནུས་པ་རྒྱུན་མཐུད་ཐོན་ཡོད། ཡར་འབྲོག་གཡུ་མཚོའི་རྒྱུད་དུ་གད་སྙིགས་རིགས་དབྱེའི་སྒྲིག་བཀོད་ཁག་28བཀོད་སྒྲིག་བྱས་པ་དང་ཆེད་ལས་གཙང་སྦྲ་བས་ཉིན་ལྟར་ཞོགས་པ་འཁོར་གསུམ་རྐང་འཁོར་བཞོན་ནས་སྐོར་སྐྱོད་ཚུར་བསྡུ་བྱས་ཏེ། ཉིན་དེ་རང་གི་གད་སྙིགས་ཉིན་དེ་རང་དུ་གཙང་སེལ་དང་གདུབ་ཟུམ་ཐག་གཅོད་བྱས་ནས་ཚང་མས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རྣམ་པ་ཕྱོགས་ཡོངས་ནས་ཆགས་ཡོད། ལོ་བཅུའི་རིང་བརྟན་སྲུང་བྱས་པ་དེས་སྣ་དཀར་རྩེའི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། རྩྭ་དེ་བས་སྔོ་ལྗང་བཅས་སུ་གྱུར་ནས་ས་མཐོའི་སྐྱེ་ཁམས་སྲུང་བཅད་སྔར་བས་བརྟན་དུ་ཕྱིན་ཡོད།

    ③ བསམ་བློར་འགྱུར་ལྡོག་བྱུང་བས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བ།

    ལོ་བཅུའི་རིང་བཅོས་སྐྱོང་ཟབ་མོ་བྱས་པ་བརྒྱུད་སྣ་དཀར་རྩེ་རྫོང་ལ་དཔལ་འབྱོར་ཡོང་འབབ་བྱུང་བ་མ་ཟད། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་གཏིང་ཟབ་ཡོང་བར་དེ་བས་ཀྱང་སྐུལ་མ་ཐེབས་ཡོད། གཞན་གྱི་རོགས་རམ་སྒུག་སྡོད་པ་ནས་རང་འགུལ་འབད་འབུངས་བྱེད་པའི་བར་དང་། དབུལ་ཕོངས་ཡིན་ཡང་འདོད་བློ་ཁེངས་ཏེ་སྡོད་པ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པའི་བར། གཞི་རིམ་བཅོས་སྐྱོང་གི་དྲོད་འཁོལ་ཆེན་པོ་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཟབ་མོ་དག་རྒྱུན་གཏན་འཕོ་འགྱུར་གྱི་གང་ས་ཅི་ཐད་ནས་མངོན་ཐུབ།

    ཤར་གསོ་གྲོང་ཚོའི་ལོ་75ལ་སླེབས་པའི་བགྲེས་སོང་དངོས་གྲུབ་སྡོད་ཁང་གསར་རྐྱང་གི་སྒོ་འགྲམ་དུ་ལངས་ནས་ཐོག་ཁའི་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་རྒྱུར་དགའ་པོ་ཡོད། དུས་རབས་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པའི་ཁོང་གིས་མི་རབས་བཞི་ཡི་སྡོད་ཁང་གསར་བརྗེས་བྱས་པ་དངོས་སུ་མཐོང་ཡོད་དེ། དམངས་གཙོའི་སྒྱུར་བཅོས་མ་བྱས་གོང་གི་མུན་ནག་དང་བཞའ་ཚན་ཆེ་བའི་ས་ཁང་དང་། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ས་ཕག་གི་ཁང་པ། 2008ལོའི་བདེ་འཇགས་དང་བརྟན་ལྷིང་གི་བདེ་སྡོད་ཁང་པ། 2019ལོའི་ཡངས་ཤིང་དཀར་ཆ་དོད་པའི་འབྱོར་འབྲིང་ཁང་པ་བཅས་རེད། བགྲེས་སོང་ཁོང་གིས“སྡོད་ཁང་གི་འགྱུར་ལྡོག་ནི་ང་ཚོའི་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་རྟགས་རེད”ཅེས་མྱོང་ཚོར་ཟབ་མོས་བཤད། ཁྱིམ་ཚང་ཚང་མའི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་སྐར་ལྔའི་དར་དམར་དེ་ཐོག་ནས་མཐའ་མཚམས་གྲོང་ཚོའི་བརྟན་ལྷིང་དང་འཆམ་མཐུན་མངོན་པ་མ་ཟད། ལོ་བཅུའི་རིང་གི་འཕེལ་རྒྱས་ཀྱི་དམངས་འཚོའི་གཡུར་ཟའི་གྲུབ་འབྲས་ལ་དཔང་པོ་ཡང་བྱེད་ཐུབ།

    མི་སེམས་འགུལ་བའི་འགྱུར་ལྡོག་ཆེ་ཤོས་ནི་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་དེ་རེད། འདབ་ལུང་སྡེ་ཁུལ་དུ་དུད་ཚང་དབུལ་པོ་དྲུག་གིས་མིང་མཉམ་དུ་བཀོད་དེ་ཡིག་ཚགས་དང་གཱ་བཟོས་པའི་རོགས་སྐྱོར་བྱ་ཡུལ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་བྲིས་ཏེ་རོགས་སྐྱོར་བྱ་ཡུལ་དེ་དགོས་མཁོ་ཆེ་བའི་མི་ལ་སྤྲོད་རྒྱུའི་རེ་བ་ཞུས་པ་རེད། དེ་སྔ་གཞན་དབང་གིས“རང་ཉིད་ཕྱུག་པོ་ཆགས་པར”བྱེད་པ་དེ་ད་ཆ་རང་ཚུགས་རང་དར་ངང“རང་ཉིད་ཕྱུག་པོ་ཆགས་པར”བྱེད་པའི་བསམ་བློར་འགྱུར་ལྡོག་བྱུང་བ་དེ་ནི་སྣ་དཀར་རྩེ་རྫོང་གི་གཞི་རིམ་བཅོས་སྐྱོང་གི་གྲུབ་འབྲས་རྩ་ཆེ་ཤོས་ཤིག་ཡིན་པ་དང་དེ་ནི་གྲངས་གཞི་ལས་ཀྱང་མི་སེམས་འགུལ་བ་དང་སྟོབས་ཤུགས་དེ་བས་ལྡན་པ་ཞིག་རེད།

    ལོ་བཅུའི་རིང་། སྣ་དཀར་རྩེ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་གཞི་རིམ་བཅོས་སྐྱོང་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་རེས་སྐྱོང་རེས་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱས་ཡོད། རྫོང་མཐའ་མཚམས་དོ་དམ་རུ་ཆེན་གྱིས་མི་རིགས་མཐུན་སྒྲིལ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་པས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ”ལ་བདམས་ཡོད། ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་དུ་ཁན་སྦྱར་དམར་པོ་གྱོན་པའི་ཏང་ཡོན་དྲ་མིག་དང་བླངས་པས་སྐྱེ་ཁམས་ཀྱི་སྒྲིག་ལམ་བསྲུངས་བས་སྐད་གྲགས་མེད་པར་ཤེས་དཔལ་གྱི་ཁྲིད་སྟོན་དང་སྙིང་ཉེ་བའི་གཞི་རིམ་གྱི་ཞབས་ཞུ་ལས་འཆམ་མཐུན་དགེ་བརྩོན་དང་ཕན་ཚུན་ལྟ་རེས་སྐྱོང་རེས་དེ་ས་མཐོའི་སྲོལ་གསར་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།