ཡུན་ནན་ཞིང་ཆེན་ཝུན་ཧྲན་གྲོང་ཁྱེར་ཧུང་ཆི་སྡེ་ཁུལ་ཀྲོང་ཙི་ཐེན་ཏང་ཀྲི་པུའུ་ཡིས་ཕྱུག་འགྱུར་ལམ་བུ་གཏོད་པ།
“མེ་ཏོག་དབང་ལག་ཐོན་ལས་ནི་ང་ཚོའི་ཕྱུག་འགྱུར་ཐོན་ལས་སུ་གྱུར་ཡོད”ཅེས་ཡུན་ནན་ཞིང་ཆེན་ཝུན་ཧྲན་གྲོང་ཁྱེར་ཤིན་ཕིང་ཁྲོམ་གཞུང་ཧུང་ཆི་སྡེ་ཁུལ་ཀྲོང་ཙི་ཐེན་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་ཁྲུན་ཧུང་གིས་བརྗོད།
ཀྲོང་ཙི་ཐེན་གྲོང་མིའི་ཚོགས་ཆུང་གི་གནས་ཡུལ་ནི་དཔེ་མཚོན་གྱི་ཁ་སི་ཐེ་བྱེ་རྡོ་ཅན་གྱི་རི་ཁུལ་ཡིན་ཞིང་། མི་རེའི་ཆ་སྙོམས་རྨོ་ཞིང་ཉུང་བ་དང་། ཕྱིར་གླ་པར་སྐྱོད་མཁན་གཞོན་ནུ་དང་དར་མ་སྐབས་ཤིག་རིང་བཅུ་ཆ་བདུན་ཟིན་ཡོད། 2021ལོར། ཝུན་ཧྲན་གྲོང་ཁྱེར་གནས་སའི་ཝུན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཡིས“ཕ་ཡུལ་དུ་ལོག་པའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་ཡིན་པའི་ཏང་ཡོན་རྒན་གྲས་ལུའུ་ཁྲུན་ཧུང་ཀྲོང་ཙི་ཐེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཤིང་། ཁོང་གིས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཡག་པོ་བཏོན་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་གཏོད་རྒྱུའི་སེམས་ཐག་བཅད་པ་རེད།
ལུའུ་ཁྲུན་ཧུང་གིས་ཁོངས་གཏོགས་ཁུལ་དེ་དྲ་མིག་8ལ་དབྱེ་བ་དང་། ན་གཞོན་ཏང་ཡོན་8ཀྱིས་དྲ་མིག་པའི་འགན་ཁུར་ཏེ་དཀའ་གནད་ཐག་གཅོད་བྱས་པ་མ་ཟད། ཚང་མའི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ཡོད། “མི་གཅིག་གིས་ནུས་ཤུགས་འདོན་པ་ལས་ཏང་ཡོན་ཡོངས་ཀྱིས་མཉམ་ཤུགས་སྒྲིལ་ན་དགའ”བ་དང་། ཡུལ་མི་ཚོར་ཏང་ཀྲི་པུས་བྱ་སྤྱོད་སྤེལ་བཞིན་ཡོད་པ་ཚོར་ཐུབ་པ་བྱས་ཚེ། གཞི་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་ཐུབ་པ་ལུའུ་ཁྲུན་ཧུང་གིས་གསལ་པོར་ཤེས་ཀྱི་ཡོད།
གྲོང་ཚོ་ཚོགས་ཆུང་གི་ཚོགས་འདུ་ཞིག་ཏུ་ཚང་མས་ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་སྐོར་ལ་སླར་ཡང་གྲོས་བསྡུར་བྱས་ཤིང་། “ང་ཚོའི་གྲོང་ཚོར་མེ་ཏོག་དབང་ལག་འདེབས་མྱོང་ཡོད་པས་དེ་ཁྱབ་གདལ་བཏང་ན་མི་ལེགས་སམ”དང་། “གྲོང་ཚོ་ཡོངས་ཀྱིས་བཏབ་ན་སུ་ལ་འཚོང་དགོས་སམ”ཞེས་ཚང་མས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་སྐབས་ལུའུ་ཁྲུན་ཧུང་གིས་ནན་ཏན་ཉན་པ་དང་བསམ་གཞིག་བྱས་པ་མ་ཟད། རྐང་འཛིན་ཏང་ཡོན་གྱི་སྣེ་ཁྲིད་དེ་བརྟག་ཞིབ་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་མཐར། མེ་ཏོག་དབང་ལག་འདེབས་འཛུགས་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་བའི་ལམ་བུ་གཏན་འཁེལ་བྱས་པ་རེད།
ཐོན་ལས་འཕེལ་རྒྱས་གཏོང་བར་སྔོན་ལ་ལམ་བཟོ་དགོས་ཤིང་། ལུའུ་ཁྲུན་ཧུང་ཁྱིམ་གྱི་ས་ཞིང་མང་ཆེ་བ་གྲོང་ཚོའི་འགྲོ་ལམ་དུ་ཡོད་པ་མ་ཟད། ཉེ་འགྲམ་ནི་གྲོང་ཚོར་སྐྱོད་པའི་འཁོར་ལམ་ཡིན་པས། རླངས་འཁོར་འགྲོ་སྐྱོད་སྟབས་བདེ་བའི་ཆེད་དུ་ཁོང་གིས་སྣེ་ཁྲིད་ནས་ས་ཞིང་གཞུང་ལམ་བཟོ་ཆེད་གྲོང་ཚོར་རྩིས་སྤྲད་པ་རེད།
ཡུལ་མིར་བསམ་བློའི་སློབ་གསོ་ཡག་པོ་བརྒྱབ་རྗེས། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཤུགས་བརྒྱབ་ནས་རྡོ་དབོར་བ་དང་ལམ་ངོས་སྙོམས་པས། མཐར་ལོ་ཕྱེད་ནང་ཐོན་ལས་ལམ་5ཚང་མ་བསྐྲུན་ཟིན་པ་རེད།
2022ལོར། ཀྲོང་ཙི་ཐེན་གྲོང་ཚོས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱས་པའི་མེ་ཏོག་དབང་ལག་ལ་འབྲས་བུ་ཐེངས་དང་པོ་སྨིན་ནས་ཐོན་ཚད་ཏུན་260ཟིན་ཡོད། 2025ལོའི་ལོ་མཇུག་ཏུ། ཚོགས་ཆུང་ཡོངས་ཀྱི་མེ་ཏོག་དབང་ལག་འདེབས་ཁྱོན་མུའུ་5000ལྷག་ཙམ་བར་རྒྱ་ཆེར་བཏང་བ་དང་། མིག་སྔར། མེ་ཏོག་དབང་ལག་བཏབ་པའི་ས་ཞིང་མུའུ་1000ལྷག་ཙམ་ལ་འབྲས་བུ་སྨིན་ཡོད་པ་རེད།
2025ལོར། ཀྲོང་ཙི་ཐེན་གྲོང་ཚོའི་མེ་ཏོག་དབང་ལག་ཐོན་ལས་ཀྱི་དམའ་རིམ་ཞིང་ལས་ཐོན་རྫས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་1500ཟིན་པ་དང་། བགོ་བཤའ་ཐེངས་གཉིས་རྒྱག་པའི་ལམ་སྲོལ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད། གྲོང་ཚོའི་མཉམ་སྡེབ་ཀུང་སིའི་ལོ་རེའི་ཁེ་སྤོགས་ཀྱི་50%ས་ཞིང་མ་རྐང་འཇོག་མཁན་མང་ཚོགས་ལ་སྤྲོད་པ་དང་། 30%ཡུལ་མི་ཡོངས་མཉམ་སྤྱོད་བྱེད་པ། 20%གྲོང་ཚོའི་སྤྱི་ཕན་བྱ་གཞག་ལ་བཏང་སྟེ། ཐོན་ལས་ཀྱི་ཁེ་སྤོགས་ལ་བརྟེན་ནས་གྲོང་གསེབ་སྔོ་འགྱུར་དང་མཛེས་བཟོ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ད་ཆ་ཀྲོང་ཙི་ཐེན་གྲོང་ཚོའི་རྡོ་ལེབ་ལམ་གཙང་ཞིང་གྲལ་འགྲིག་པ་དང་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད། གྲོང་ཚོས་མེ་ཏོག་དབང་ལག་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མེ་ཏོག་དབང་ལག་འཐུ་བསྡུའི་ལྡུམ་ར་སོགས་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དང་འབྲེལ། ཚན་རིག་ཁྱབ་གདལ་དང་ཞིབ་སྦྱོང་བྱེད་སྒོ་ཡང་སྤེལ་བཞིན་ཡོད་ཅིང་། ལུའུ་ཁྲུན་ཧུང་གིས“ང་ཚོས་ཏང་རྩ་འཛུགས་ཀྱི་སྐུལ་ཁྲིད་ནུས་པ་མུ་མཐུད་བཏོན་ནས་ཕྱུག་འགྱུར་ཐོན་ལས་གྲོང་ཚོར་རྩ་བ་བརྟན་པོ་ཚུགས་པར་བྱས་ཏེ། ཡུལ་མི་ཚོའི་སྣེ་ཁྲིད་ནས་འཚོ་བ་ཇེ་ལེགས་སུ་འགྲོ་བ་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།