འགྱེལ་ས་ནས་ལངས་ཐུབ་པའི་བུ་ནོར་བུ།

བུ་ནོར་བུས་འཚིག་ཇ་བཟོ་བཞིན་པ།

འཚིག་ཇ་ཁང་མཛེས་བཟོ་བྱེད་པའི་རྣམ་པ་ཡིན་པ།

བུ་ནོར་བུའི་ཚོང་ཟོག་ལྷ་སར་འབྱོར་བ།

བུ་ནོར་བུས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

འཚིག་ཇ་ཁང་གི་ཟུར་ཞིག

འཚིག་ཇ་ཁང་གི་མཛེས་བཟོ་ལེགས་གྲུབ་ཟིན་པ།

བུ་ནོར་བུས་ལས་ཀའི་འཆར་གཞི་བཟོ་བཞིན་པ།

བུ་ནོར་བུས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
བོད་ཀྱི་བྱ་གཞག་གསར་གཏོད་བྱེད་མཁན་ན་གཞོན་དེ་ཚོ་ཧ་ཅང་གྱོང་པོ་འདུག་ཅེས་གཞན་གྱིས་གདེང་འཇོག་བྱས་པའི་དྲང་གཏམ་ཐོས་ཚེ་སེམས་ལ་དགའ་བ་ཆེན་པོ་སྐྱེ་མོད། ང་རང་སློབ་ཆེན་ཐོན་པའི་སློབ་མ་ཞིག་གིས་ཆེ་་འདོད་དང་ངོ་ཚ་ཡོངས་སུ་སྤངས་ཏེ་སྡེ་ཁུལ་གྱི་བདེ་སྲུང་བའི་ལས་ཀ་བྱེད་དུས། ངོ་ཤེས་དམན་ཤར་དེ་ཚོར་དགའ་རོགས་བསྒྲིག་རྒྱུའི་རེ་བ་བཏོན་པར་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་པ་ནི་བུ་ནོར་བུས་གསར་འགོད་པར་བརྗོད་པའི་འུ་ཐུག་ཤོས་ཀྱི་སྙིང་གཏམ་དེ་རེད།
སྤྱི་ཟླ་7པའི་ཚེས་1ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་སྐྱེད་མོས་ཚལ་དུ། བྱ་བྱིའུ་མང་པོས་མགྲིན་པའི་སིལ་སྙན་གང་སར་དཀྲོལ། གོང་གསལ་གྱི་སྐད་ཆ་དུམ་བུ་གཉིས་ནི་ངེད་ཚོ་གསར་འགོད་པ་དང་འཛོམ་དུས་བྱས་པ་བཞིན་བོད་ཀྱི་གཞོན་སྐྱེས་བྱ་གཞག་གསར་གཏོད་པ་བུ་ནོར་བུ་དང་བཅས་ཁོར་ཡུག་དེ་གར་བཅར་འདྲི་ཞུ་དུས་ཀྱི་གཏམ་གླེང་ཡིན་ལ། དེ་བས་ལྷག་པ་ནི་གཞོན་སྐྱེས་ཁོང་གིས་མྱངས་པའི་མངར་སྐྱུར་རེས་མོས་ཀྱི་བྱ་གཞག་གསར་གཏོད་ཁྲོད་ཀྱི་གཏམ་རྒྱུད་དེ་ཚོ་ཉན་རིན་ཡོད་པ་ཞིག་རེད།
བྱིས་དུས་ཀྱི་འདས་དོན།
1997ལོ་སྟེ། མེས་རྒྱལ་གྱི་ཡུལ་གྲུ་ཀུན་ལ་སྐྱ་ནམ་རྒྱས་ཤིང་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་གང་ས་ཅི་ཐད་ལ་ཐོབ་པའི་གཏམ་བཟང་ཡུལ་ཕྱོགས་ཀུན་ནས་གྲགས། རླབས་ཆེན་མེས་རྒྱལ་གྱི་ས་གཞི་ཆེན་པོ་དང་ཁ་བྲལ་དུ་མི་རུང་བའི་ནོར་གཞོང་སྟེ། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་བཀྲ་ཤིས་རྫོགས་ལྡན་གྱི་ལོ་བཟང་དེར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བསམ་ཡས་གྲོང་ཚོའི་སོ་ནམ་པ་ཁྱོ་ཤུག་གཉིས་ཀྱིས་དཔྲལ་བའི་མིག་འབྲས་ལྟ་བུའི་བུ་ནོར་བུ་མི་ཡུལ་གྲ་མའི་གཞུང་དུ་བསུས།
དེ་རྗེས་ཕ་མ་གཉིས་པོས་གྲང་ངུ་འཁྱག་ངུ་ལྟོགས་ངུ་རྒྱག་པའི་བུ་ནོར་བུར་ཞིམ་ཚད་རང་གི་ཁ་ནས་ཕྲི་སྟེ་བྱིན། འཇམ་པོའི་གོས་ཀྱིས་བཏུམས་ཤིང་ན་ཚོད་དང་བསྟུན་ནས་བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་བསླབ། འཇིག་རྟེན་ལས་འབྲས་ཀྱི་བསླབ་བྱ་ལས། ན་སོ་གཞོན་དུས་བུ་ལ་སྦྱོང་ཐར་དང་། འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབ། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། ཅེས་པ་ལྟར་སློབ་ལོ་ལོན་པའི་དུས་ནས་ཕ་མ་གཉིས་པོས་དཔུང་ས་འོག་ལ་བཅུག་དགོས་བྱུང་ཡང་བུ་ཆུང་སློབ་གྲྭར་མངགས། བུ་ནོར་བུ་རིམ་བཞིན་བསམ་ཡས་གྲོང་རྡལ་གྱི་སློབ་ཆུང་དང་། གྲ་ནང་རྫོང་སློབ་འབྲིང་། ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་བཅས་སུ་བདེ་བླག་ངང་རྨང་གཞིའི་རིག་གནས་ཀྱི་ཤེས་བྱ་ཁ་མིག་འཕེར་བ་ཞིག་སྦྱོང་བའི་གོ་སྐབས་རྙེད། དེ་ནས་སྤྱི་ལོ་2015ལོར་བུ་ནོར་བུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཡིག་རྒྱུགས་འཕྲོད་པ་དང་། དུས་ཡུན་ལོ་བཞིའི་རིང་བཟོ་སྐྲུན་ལས་གྲྭའི་དོ་དམ་དང་འཆར་འགོད་ཀྱི་ཆེད་ལས་ཤེས་བྱར་སྦྱངས་བརྩོན་བྱས་ཏེ། སྤྱི་ལོ་2019ལོར་དངོས་སུ་སློབ་གྲྭ་ཆེན་མོ་ནས་ཐོན།
མི་ཚེའི་ཞུན་བརྡར།
སྐབས་དེར་ཚོང་ཆུང་ལ་ཕམ་ཉེས་ཤོར་བའི་བུ་ནོར་བུའི་སེམས་ལ་དང་ཐོག་དྲན་པ་ནི་རང་ཡུལ་གྱི་ཕ་མ་སྤུན་གྲོགས་ཡིན་ལ། ཁོང་ཚོས་སོ་ནམ་ཞིང་ལས་ཀྱི་དཀའ་སྡུག་སྤྱད་དེ་རང་ཉིད་སློབ་ཆེན་ཐོན་པའི་བར་དུ་འཚོ་སྐྱོང་མཛད་ཅིང་། ད་ནི་རང་མགོ་ཐོན་པའི་དུས་ལའང་ཕ་མ་གཉིས་པོར་ལག་པ་གཟེད་ན་ཕོ་ལུས་བླངས་པའི་དོན་གོ་མི་ཆོད། རང་ཡུལ་གྱི་སོ་ནམ་ཞིང་ལས་ནི་རང་ཁུ་རང་སིམ་ཁོ་ནར་འགྲོ་བའི་ཆེས་སྲོལ་རྒྱུན་གྱི་ལས་རིགས་ཤིག་ཡིན་ལ། དེང་རབས་ཀྱི་ཟུར་སྣོན་རིན་ཐང་འཕར་བའི་གཞི་ཁྱོན་ཆགས་པར་ལག་རྩལ་དང་མ་དངུལ་གྱི་དཀའ་ངལ་དེ་བས་ཆེ་སྙམ་བཞིན་ལྷ་ས་གྲོང་ཁུལ་དུ་སྐབས་ཤིག་ལྟོ་གོས་འཕྱིད་སའི་ལས་ཀ་འཚོལ་བར་བསྐྱོད།
སྔོན་ཆད་ཉིན་རེའི་ལྟོ་རིན་གསོག་པའི་ཆེད་དུ་ཨར་སྐྲུན་ལས་ཡུལ་དུ་བསྐྱོད་ནས་ས་ཕག་ཐེངས་མང་དབོར་མྱོང་བའི་བུ་ནོར་བུ་ཐེངས་ཤིག་ལྷ་སའི་སྣེའུ་ཁུལ་གསར་གྱི་སྡེ་ཁུལ་ཞིག་ཏུ་སྐབས་ཤིག་བདེ་སྲུང་བའི་ལས་ཀ་ཞིག་འབྱོར་ཡང་དེ་གར་ལས་མེད་ལྟོ་མེད་ཀྱི་དཔེ་བཞིན་ལས་བཟོད་ཡང་ལ་གླ་ཕོགས་ཤིན་ཏུ་དམའ། སྐབས་ལ་ལར་ངོ་ཤེས་ཀྱི་དམན་ཤར་དེ་ཚོར་དགའ་རོགས་སྒྲིག་པའི་བསམ་ཚུལ་བརྗོད་ན་ཁོང་ཚོས་བདེ་སྲུང་བར་མཐོང་ཆུང་སྣང་མེད་ཀྱི་རྣམ་འགྱུར་ཁོ་ན་སྟོན་པར་བྱེད། སྟབས་ལེགས་པ་ཞིག་ལ་སྐབས་དེར་ཉེ་འཁོར་གྱི་མགྲོན་ཁང་སྦྱིན་བདག་ཅིག་གིས་ཁོ་རང་སློབ་ཆེན་ཐོན་པའི་སློབ་མ་ཡིན་པ་ཤེས་ཏེ། མགྲོན་ཁང་གི་ཞབས་ཞུའི་ལས་སྟེགས་ཤིག་མཁོ་འདོན་བྱས་པས་རང་ཉིད་ལ་ངོ་སོ་ཡོད་ཅིང་འཇོན་ཐང་ངོམས་སའི་གོ་སྐབས་བཟང་པོ་ཐོབ། དེའི་རིང་བུ་ནོར་བུས་ལས་ཞོར་དུ་སླར་ཡང་དོགས་ཟོན་ཆེར་སྐྱེད་ཀྱིས་དྲ་ཐོག་གི་ཚོང་ལས་ལ་དོ་སྣང་བྱས་ཤིང་། དྲ་ལམ་ནས་བདེ་སྲུང་མིག་ཤེལ་གྱི་ཚོང་གཉེར་བསྒྲུབས་སྟེ་ཡོང་སྒོ་མང་དུ་གཏོང་ཐབས་བྱས་ཐོག་ཟ་མཁས་འཐུང་མཁས་བྱས་པའི་ཚོང་ཆུང་དེ་ལ་ལམ་འགྲོ་ཆེན་པོ་རྒྱུགས་ནས་མ་དངུལ་གང་འཚམ་གསོག་འཇོག་བྱས།
ཡ་ང་བྲལ་བའི་སྣ་བསུན།
སྔོན་ཆད་ཀྱི་དུས་རབས་དང་བསྡུར་ན་ལོ་ངོ་བཅུ་གྲངས་ཤིག་རིང་བོད་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་གྲངས་འབོར་ཆེས་ཆེར་འཕར་བ་དང་། སྤྱི་ཚོགས་ཀྱི་ལས་ཞུགས་འགྲན་རྩོད་ཤིན་ཏུ་ཆེ་བས། སློབ་ཆེན་འགྲིམ་བཞིན་པའི་སློབ་ཕྲུག་ཀུན་གྱི་སེམས་ལ་གནོན་ཤུགས་ཆེ་བ་ཚང་མས་ཤེས་གསལ་རེད། དུས་ཀྱི་འགྱུར་བ་དེ་འདྲའི་འོག་བུ་ནོར་བུས་སློབ་ཆེན་འགྲིམ་པའི་སྐབས་སུ་སློབ་མའི་ཚོགས་པ་ཡི་ཚོགས་གཙོའི་དོ་དམ་འགན་འཁྲི་ཧུར་ཐག་འཁུར་བའི་རྨང་གཞིའི་ཐོག་ཆེད་ལས་ཀྱི་ཤེས་བྱ་འཐུས་ཤོར་མེད་པར་སློབ་སྦྱོང་བྱས་པའི་ཞོར་ལ་དེང་རབས་ཀྱི་དྲ་ལམ་ཚོང་ལས་ལ་རྒྱུས་མངའ་ལོན་པར་བྱས་ཏེ། གྲོང་གསེབ་ལ་འཚོ་བ་སྐྱེལ་བཞིན་པའི་ཕ་མ་གཉིས་པོའི་འཚོ་བའི་ཁུར་པོ་དང་རང་ཉིད་ཀྱི་སློབ་ཡོན་ཁུར་པོ་ཡང་བཟོས་ཡོང་ཆེད། དེང་རབས་ཀྱི་དར་སྲོལ་ལམ་ལྷག་པར་དུ་བུད་མེད་ཚོས་ཤིན་ཏུ་དགའ་པོ་བྱེད་པའི་བྱུགས་རྫས་ཀྱི་དྲ་ཚོང་རྒྱག་འགོ་ཚུགས།
སློབ་གྲྭ་ཐོན་རྗེས་ལས་ཞུགས་ཡིག་རྒྱུགས་གཏོང་དགོས་པའི་འགྲན་རྩོད་ནི་ཀུན་གྱིས་ཤེས་གསལ་ཡིན་པས། བུ་ནོར་བུས་རིག་ནུས་ཁ་པར་གྱི་ལམ་ནས་མུ་མཐུད་བྱུགས་རྫས་ཀྱི་བྲིན་ཚོང་ལམ་ལ་ཞུགས་ཏེ། སྐབས་ཤིག་རིང་ཕ་མ་གཉིས་པོའི་ས་ནས་ལག་དངུལ་སློང་མི་དགོས་པའི་ཡོང་འབབ་བློ་ཡིད་འཚིམ་པ་ཐོབ། དེ་རྗེས་ཉ་པ་རྒད་པོའི་དཔེ་བཞིན་ཚོང་ལམ་གྱི་ཁེ་འབབ་ལ་བྲོ་བ་རྙེད་ཅིང་། སྐབས་མཚམས་དེའི་བར་དུ་བསགས་པའི་མ་དངུལ་སྒོར་ཁྲི་ཚོ་18ཙམ་བཏང་སྟེ། ཚོང་ལམ་རྒྱ་བསྐྱེད་གཏོང་བའི་ཐབས་ལ་འབད། སྟབས་མ་ལེགས་པར་སྒོར་ཁྲི་ཚོ་18ཟིན་པའི་བྱུགས་རྫས་ལག་ཏུ་མ་འབྱོར་བའི་གོང་ལ་དྲ་ཐོག་གི་སྡེབ་ཚོང་སྦྱིན་བདག་དེ་མི་ཡུལ་ནས་ཡལ་བ་ལྟར་འབྲེལ་ལམ་ཡོངས་སུ་ཆད་ཅིང་ཐ་ན་ཉེན་རྟོག་པ་ལའང་རྙེད་ཐབས་མེད་པར་གྱུར། སྐབས་དེར་བུ་ནོར་བུ་ནི་ཕུ་ཤོར་བའི་སྦུད་པ་ལྟར་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར།
ང་ཚོའི་བསམ་པའི་གཞལ་བྱ་ལས་འདས་པའི་སྤྱི་ཚོགས་ཧྲིལ་པོ་འདིའི་བག་ཆགས་ལ་བལྟས་ན། སྤྱི་ཡོངས་ཀྱི་རྣམ་པ་ནི་ཞོ་ལྟར་ཆགས་ཤིང་སྤྱི་སྒེར་ཀུན་གྱི་འཕེལ་རྒྱས་གོ་སྐབས་ནི་མགོ་བོའི་སྐྲ་ལས་མང་བར་མངོན། འོན་ཏེ་ཚོང་ལས་ལ་ཞུགས་པའི་ལས་དང་པོ་བ་ཞིག་ལ་ཆ་མཚོན་ན། གོམ་གསུམ་སྤོ་དུས་འོབས་དོང་དང་འཕྲད་རྒྱུ་ནི་ཉམས་མྱོང་ཅན་མང་པོར་འཕྲད་པའི་སྣ་བསུན་ངོ་མ་དེ་ཡིན་ལ། སྐྱུགས་བྲོ་བའི་མི་གཤིས་དེ་འདྲ་ཤེས་དཔལ་དང་ཁྲིམས་སྲོལ་དར་བའི་དེང་གི་སྤྱི་ཚོགས་ནང་སྔར་མུས་བཞིན་གནས་འདུག་ཨང་ཞེས་པ་ནི་བུ་ནོར་བུས་ངེད་ཚོར་བརྗོད་པའི་གཏམ་གྱི་ཤུགས་ལས་རྟོགས་འོང་།
འགྱེལ་ས་ནས་ལངས་པ།
དེ་རྗེས་བུ་ནོར་བུས་རང་ངོས་ནས་བསགས་པའི་མ་དངུལ་གྱི་སྟེང་སྲིད་གཞུང་ནས་ཁ་གསབ་གནང་བའི་སྒོར་ཁྲི་དྲུག་ཙམ་གྱི་ལས་གཏོད་རོགས་དངུལ་སྤྱད་དེ་2020ལོའི་ཟླ་བ་7པར་ལྷ་སའི་དགའ་སྐྱིད་གླིང་ཁྲོམ་ར་ཆེན་མོར་ནོར་གཏོད་ཚོང་དོན་ཚད་ཡོད་ཀུང་སི་ཞེས་པ་བཙུགས་ཤིང་། ཁྲོམ་རའི་དགོས་མཁོ་གཞིར་བཟུང་སྣེ་མང་ཚོང་ཟོག་གི་བྲིན་འཚོང་ལས་ཀ་རྩེ་གཅིག་ཏུ་བྱས་པས་ཡོང་འབབ་ཐད་ལམ་འགྲོ་ཆེན་པོ་རྒྱུགས།
སྤྱི་ཚོགས་ཀྱི་ཉམས་མྱོང་ཆེན་པོ་ཡོད་པའི་མི་རྣམས་ནི་བུ་ནོར་བུའི་སློབ་སྦྱོང་ཞུ་ཡུལ་ཡིན་ལ་ཁོང་ཚོར་འབྲེལ་བ་བཙུགས་ནས་ཤེས་རིག་དང་ལག་རྩལ་སོགས་གང་ས་ཅི་ཐད་ནས་བསྡུ་ལེན་བྱས་ཏེ་རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་ཐབས་བྱས་ཤིང་། སྦྱངས་པའི་ཤེས་བྱ་གོ་ཆོད་དུ་གྱུར་ཏེ་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་དང་གནའ་ཤུལ་དགོན་སྡེ་སོགས་ཀྱི་ལོ་རྒྱུས་གནས་བཤད་ཁ་པར་གྱི་དྲ་ལམ་ནས་མཉམ་སྤྱོད་བྱས་པར་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན། དེ་ལྟར་སྔ་རྗེས་སུ་རང་ཡུལ་གྱི་བསམ་ཡས་གྲོང་ཚོར་བུ་ནོར་བུའི་མགྲོན་ཁང་གཅིག་དང་འཚིག་ཇ་ཁང་གཅིག་བཙུགས་ཤིང་ཚོང་ལམ་དེ་ལའང་སྔར་ལས་ལྷག་པའི་བྲོ་བ་རྙེད་དེ། སྡུག་བསྲན་འཁྱོག་པ་དང་འགན་འཁྲིའི་བསམ་པ་ཡོད་པའི་ཕོ་གཞོན་མོ་གཞོན་དང་མཉམ་རུབ་ཀྱིས། སྟོད་ལུང་བདེ་ཆེན་ཆུས་དང་ལྷོ་ཁ་སོགས་སུ་འཚིག་ཇ་ཁང་གི་ཚོང་ལས་རྒྱ་སྐྱེད་བྱས་ཤིང་། དེ་མིན་ནང་སའི་ཁྲེན་ཏུའུ་གྲོང་ཁྱེར་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་འཚིག་ཇ་ཁང་གི་ཚོང་ལས་ཚོད་ལྟ་བྱེད་པའི་སེམས་ཤུགས་ཡོད་པ་རེད། དེ་ནི་སློབ་ཆེན་ཐོན་པའི་གཞོན་སྐྱེས་བུ་ནོར་བུས་འགྱེལ་ས་ནས་ལངས་ཐུབ་པའི་གཏམ་རྒྱུད་རེད།
འབྲེལ་ཡོད་གསར་འགྱུར།