དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་གིས་ཆར་ཆུ་དང་བཙོག་ཆུའི་མདོང་དྲ་སྒྱུར་བཀོད་རྣམ་གྲངས་ལ་སྐུལ་འདེད་མྱུར་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    དཔྱིད་ཀ་ཤར་བས་ས་མཐོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་གི་ཆར་ཆུ་དང་བཙོག་ཆུའི་མདོང་དྲ་སྒྱུར་བཀོད་བྱ་ཡུལ་དུ་ཚ་ཚ་འུར་འུར་ངང་ཨར་སྐྲུན་བྱས་ནས་འཛུགས་སྐྲུན་གྱི་ལས་འགན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད། རྣམ་གྲངས་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་དམངས་འཚོའི་གཙོ་གནད་འདུ་འགོད་ཅིག་ཡིན་པས། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད།

    རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8ཙམ་བཏང་བ་དང་། མདོང་དྲའི་སྤྱིའི་རིང་ཚད་ལ་སྤྱི་ལེ་24.78ཟིན་པའི་ནང་ཆར་ཆུའི་མདོང་དྲར་སྤྱི་ལེ་11.51དང་བཙོག་ཆུའི་མདོང་དྲར་སྤྱི་ལེ་13.27ཟིན་ཡོད། རྣམ་གྲངས་དེ་བསྐྲུན་རྗེས། ཆར་ཆུ་དང་བཙོག་ཆུ་སོ་སོར་བཤངས་ནས་ཡུག་ཁུལ་དུ་ཆར་ཆུ་དང་བཙོག་ཆུ་འཁྱིལ་བའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་སེལ་བ་དང་། སྡོད་མལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་གཏོང་བཅས་བྱུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    རྣམ་གྲངས་དེ་2025ལོའི་ཟླ་བ་དགུ་པར་ལས་འགོ་བཙུགས་པ་དང་། 2026ལོའི་ཟླ་བ་གསུམ་པར་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱས་ཏེ། མིག་སྔར་སྤྱིའི་ལས་གྲྭའི་70%ལེགས་གྲུབ་ཟིན་ཡོད། ཨར་ལས་ཚན་པས་ཡབ་མདའ་སྡེ་ཁུལ་གྱི་མདོང་ལམ་འདིང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཕུར་བུ་ཆེ་ཚོགས་ཆུང་དང་སྤང་ཕུ་གྲོང་ཚོ་ཨུ་ལྷན་ས་ཁོངས་ཀྱི་བཙོག་ཆུའི་མདོང་ལམ་འདྲུ་འགོ་ཚུགས་ཏེ་ལས་རིམ་ཁག་སྦྲེལ་མཐུད་ཚགས་ཚུད་པོ་དང་ནུས་ཆེའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2006ལོའི་ཟླ་བ་དགུ་པར་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་ཡབ་མདའ་ཁྲོམ་གཞུང་གི་བཙོག་ཆུ་དང་ཆར་ཆུ་གཅིག་སྡུད་གཙང་གསིང་ནུས་པ་ཤུགས་ཆེར་འགྲོ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མུ་མཐུད་སེལ་རྒྱུ་མ་ཟད། སྐྱེ་ཁམས་ཁོར་ཡུག་དང་གྲོང་ཚོའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་ཐུབ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།