དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁེ་ལས་ཀྱིས་ཚོང་འགུགས་མ་འདྲེན་ལ་འབྲེལ་ཟམ་བཙུགས་པ།

    ལྷུན་རྩེ་རྫོང་གིས“ཚོང་བརྟེན་ཚོང་འགུགས”བྱས་ཏེ་ཐོན་ཁུངས་གཞན་སྒྱུར་གྱི་གོམ་སྟབས་གསར་པ་སྤོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ཧོ་ནན་ལིའུ་མན་ཏིང་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་མཉམ་ལས་རོགས་ཟླ་ཞིག་གི་ས་ནས་ལྷུན་རྩེ་རྫོང་གི་སྐོར་ཐོག་མར་གོ་ཐོས་བྱུང་ཞིང་། མཉམ་ལས་རོགས་ཟླ་དེས་ཁོང་ལ་ས་མཐོའི་རྫོང་གྲོང་འདིར་འོད་ཤུགས་གློག་གཏོང་གི་ནུས་རྒྱུ་གཙང་མ་འབོར་ཆེན་ཡོད་ཀྱང་ཐོན་ལས་ཉམས་ཞན་དབང་གིས་བེད་མེད་དུ་ལུས་ཡོད་ལུགས་བཤད།

    དེས་ན། ཧོ་ནན་གྱི་ཁེ་ལས་དེ་དང་ལྷུན་རྩེ་རྫོང་དབར་གྱི་འབྲེལ་བའང་རྒྱུན་སྲོལ་ལྟར་སྲིད་གཞུང་ཕྱོགས་རྐྱང་པས་ངོ་སྤྲོད་མཚམས་སྦྱོར་བྱས་པ་ཞིག་མ་ཡིན་པར། ལྷུན་རྩེ་རྫོང་གིས་ད་ལྟ་ཁྱབ་གདལ་གཏོང་སྒང་ཡིན་པའི“ཚོང་བརྟེན་ཚོང་འགུགས”ཏེ། གཞིས་ཆགས་ཟིན་པའི་ཁེ་ལས་ཀྱིས་སོ་སོའི་ལས་རིགས་ཀྱི་འབྲེལ་རྒྱ་དང་དཔེ་སྟོན་ནུས་པར་བརྟེན་ནས་འདོད་མཐུན་ཚོང་འགྲུལ་གསར་པ་ངོ་སྤྲོད་བྱས་ཏེ་ཆགས་པ་ཞིག་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། ལྷུན་རྩེ་རྫོང་གིས་ཐབས་ཤེས་འདི་སྤྱད་དེ་དཀའ་གནད་སེལ་བཞིན་ཡོད་དེ། ལུང་པ་འདིར་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་པའི་ནས་ནག་དང་རང་བྱུང་ལྷད་མེད་ཀྱི་བྱེས་གསོས་བོད་ཕག་ཡོད་ལ། འོད་ཤུགས་དང་ས་འོག་ཚ་ནུས་ཐོན་ཁུངས་འབེལ་པོའང་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོར“ཐོན་ཁུངས་ཡག་པོ་ཡོད་ཀྱང་ཐོན་རྫས་ཡག་པོ་མེད་པ་དང་། སྤུས་ཀ་དག་པོ་ཡོད་ཀྱང་ཚོང་རྟགས་ཡག་པོ་མེད་པའི”དཀའ་གནད་འཕྲད་ཡོད།

    རྣམ་པ་འདིར་འགྱུར་ལྡོག་གཏོང་ཆེད། ཉེ་ཆར། ལྷུན་རྩེ་རྫོང་གིས་ཚོང་འགུགས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཁྲུང་ཆིང་དང་། ཧོ་ནན། ཧོ་པེ་བཅས་སུ་བསྐྱོད་དེ་དེང་རབས་ཅན་གྱི་བཟའ་བཅའ་ལས་སྣོན་འཁོར་ཁང་དང་ཐོན་སྐྱེད་མུ་འབྲེལ་ལས་རིམ་སུ་ལྟ་སྐོར་བྱས་ནས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་དང་། ཚད་ལྡན་ཅན་གྱི་ལས་སྣོན་གོ་རིམ། སྤུས་རྟགས་གཉེར་སྐྱོང་བྱེད་སྟངས། ཁྲོམ་རའི་བྲིན་ཚོང་བསམ་ཕྱོགས་བཅས་སློབ་སྦྱོང་ཞིབ་ཕྲ་བྱས་པ་རེད།

    ཨ་ལི་པཱ་པཱ་ཚོགས་པའི་ཀྲེང་ཀྲོའུ་ལྟེ་གནས་དང་གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་དང་ཞིང་ལས་ཟུང་འབྲེལ་བྱེད་ཐབས་ལ་དམིགས་ནས་དཔྱད་བསྡུར་བྱས་པ་མ་ཟད། ཐུན་མོང་གི་ངོས་འཛིན་ཡང་བྱུང་བ་སྟེ། ཞིམ་ཟས་དང་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་སྟེ་ཡུལ་སྐོར་བ་རྣམས་འཛད་སྤྱོད་པར་འགྱུར་བ་བྱ་རྒྱུ་དེ་རེད། ལྷུན་རྩེ་རྫོང་གིས་རང་ཡུལ་གྱི“ནག་པོ་བཞིའི”སྤུས་ལེགས་ཐོན་ཁུངས་ངོ་སྤྲོད་མཚམས་སྦྱོར་བྱས་ཏེ་མགོ་གནས་ཁེ་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ། ཞིང་ལས་ལས་སྣོན་ཞིབ་ཚགས་བཅས་ཀྱི་རྣམ་གྲངས་དེ་བས་མང་བ་འདྲེན་འགུགས་ཐུབ་པ་དང་། ཚོང་སྒྱུར་ཐབས་ཤེས་ལེགས་སུ་གཏོང་བ་དང་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་འཚོལ་ཐུབ་པའི་རེ་བ་བྱས་པ་རེད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཚོང་འགུགས་མ་ལག་འདིར་འདེགས་སྐྱོར་བྱེད་པའི་རྨང་གཞིར་བརྩི་གི་ཡོད། ས་གནས་དེ་གའི་ཚོང་འགུགས་སྡེ་ཚན་གྱིས་རང་འགུལ་ངང་རེ་ཞུ་ཉན་ཏེ་རྣམ་གྲངས་ཀྱི་ཞིབ་མཆན་དང་། ས་ཆ་སྤྱོད་པའི་འགན་སྲུང་། ལས་མི་སྤྱོད་པའི་འགན་སྲུང་། སྲིད་ཇུས་དོན་འཁྱོལ་སོགས་ཀྱི་དཀའ་གནད་རེ་རེ་བཞིན་ཐག་གཅོད་བྱས་ཤིང་། མིག་སྔའི་བར། ཚོང་འགུགས་རྣམ་གྲངས་2དོན་འཁྱོལ་བྱུང་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.5བཏང་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་4000བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།