《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གསུང་བཤད།
ཟླ་7ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་14པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ལོ་105ཡི་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་ཀྱང་བརྩམས་ཡོད། ལོ་105ཡི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་འགྱུར་ལྡོག་བཏང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་བཏོད་པ། མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་བཟོས་པ། སྟོབས་དང་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་བཅས་བྱས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་105ཡི་འབད་འཐབ་ཁྲོད་རྒྱུན་ཆད་མེད་པར་འོད་སྟོང་བཏོད་ཐུབ་དོན་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་རང་རེའི་ཏང་ལ་སྲིད་ཏང་གཞན་དང་ཆབ་སྲིད་སྟོབས་ཤུགས་གཞན་གྱིས་འགྲན་མི་ནུས་པའི་ཕུལ་བྱུང་གི་ཁྱད་ཡོན་ལྡན་པས་ཡིན་ཏེ། རྒྱུན་སྲིང་ལྷོད་མེད་ངང་བདེན་དོན་དོན་གཉེར་བྱས་ནས་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། མི་དམངས་ཁྲོད་རྩ་བ་གཏིང་ཟབ་བཙུགས་པས་ཐོག་མཐའ་བར་གསུམ་དུ་རྩ་བའི་རྨང་གཞི་བརྟན་པོ་ལྡན་པ། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཕོད་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན། འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་རྒྱུན་འཁྱོངས་ཐུབ་པ། རང་ངོས་སྟོབས་ཆེར་གཏོང་བར་གཙིགས་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པ་བཅས་རེད། ཕུལ་བྱུང་གི་ཁྱད་ཡོན་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འཇོན་དོན་གྱི་འགག་རྩའི་གསང་ཨང་ཞིག་རེད། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས། ཏང་གི་ཕུལ་བྱུང་ཁྱད་ཡོན་རྒྱུན་ཆད་མེད་པར་དར་སྤེལ་བཏང་སྟེ་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེན་པོ་ལྡན་པའི་འགན་ལེན་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་གདེང་ཚོད་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད། ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་། རྩ་བའི་ལམ་ཕྱོགས། རྩ་བའི་མཛད་ཕྱོགས་བཅས་ངེས་པར་དུ་མཐའ་འཁྱོངས་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། སྔ་འཛིན་ཕྱི་གཏོད་དང་གཞུང་འཁྱོངས་གསར་འབྱེད་བཅས་བྱེད་དགོས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ངེས་པར་དུ་མདུན་སྐྱོད་ཀྱི་འགྲོ་ལམ་ཁྲོད་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་དེ་བས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱེད་དགོས། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་གཅིག་འདོམས་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བར་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་105ཡི་འོད་སྟོང་འབར་བའི་ལོ་རྒྱུས་ནི་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་ན་ཡང་། ང་ཚོས་ང་རྒྱལ་དང་ཁེངས་དྲེགས་བྱེད་མི་རུང་བ་དང་མདུན་སྐྱོད་བྱེད་མཚམས་གཏན་ནས་འཇོག་མི་རུང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པ་དང་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱང་ལམ་གསར་པར་འབད་འཐབ་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་ཧུར་ཐག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།