དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཤ་མོའི་དྲི་ཞིམ་ཕྱོགས་བཅུར་འཐུལ། དམངས་ལ་ཕན་བདེ་གང་ལེགས་བསྐྲུན།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་གྱིས་བཟའ་བཅའི་ཤ་མོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་འདམ་བཅད་གྲོང་ཚོར་སྐྱོད་སྐབས་དེང་རབས་ཅན་གྱི་བཟའ་བཅའི་ཤ་མོའི་བཟོ་གྲྭ་དངུལ་མདོག་ཅིག་གནམ་སྔོན་སྤྲིན་དཀར་འོག་ཏུ་མངོན་གསལ་ཧ་ཅང་དོད། དེ་ཡང་ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་གིས་ས་བབ་མཐོ་བའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ནས“སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་ལས་གཉེར་བྱེད་པ། མང་ཚོགས་ལ་ཕན་པ་འདོགས་པ”བཅས་ཀྱི་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་འཕེལ་རྒྱས་གཏོང་སྟངས་ཤིག་འཚོལ་ཞིབ་བྱས་ཏེ། རེ་བས་ཁེངས་པའི་ཡུལ་འདིར་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་་རྩ་བ་ཚུགས་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པར་བྱས་ཡོད།

    བློ་རིག་འདེབས་འཛུགས་ལས་ཤ་མོའི་དྲི་ཞིམ་འཐུལ་བར་བྱས་པ།

    བོད་ཀྱི་ས་བབ་མཐོ་བ་དང་གནམ་གཤིས་དམིགས་བསལ་ཆེ་བས། དུས་ཡུན་རིང་པོའི་ནང་རྒྱུན་གཏན་གྱི་ཤ་མོའི་རིགས་གསོན་ཚད་དམའ་བ་དང་སྤུས་ཚད་བརྟན་པོ་མེད། 2023ལོའི་ཟླ་11པར་འདམ་བཅད་གྲོང་ཚོར་བོད་ལྗོངས་ཙེ་ནུང་ཡོན་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཤིང་། དེ་ཡང་ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས། ཆ་ཚང་རང་འགུལ་ཡིན་པའི་ཐོན་སྐྱེད་སྒྲུབ་རིམ་དང་། བློ་རིག་འདེབས་འཛུགས་ཀྱི་སྒྲོམ་ཚང་། ཤ་མོའི་རིགས་ཀྱི་ཚོད་ལྟ་ཁང་སོགས་སྒྲིག་ཆས་དང་སྒྲིག་བཀོད་ཆ་ཚང་སྒྲིག་སྦྱོར་བྱས་ཏེ་བཟའ་བཅའི་ཤ་མོའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ཤ་མོའི་རིགས་ཀྱི་ཚོད་ལྟ་ཁང་དུ་ལག་རྩལ་མི་སྣས་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ལ་ལྟ་གིན་ཤ་མོའི་རིགས་སྣ་ཚོགས་ཀྱི་སྐྱེ་འཚར་གྲངས་གཞི་ཐོ་རུ་ཞིབ་ཕྲ་འགོད་བཞིན་ཡོད་པ་རེད། དེ་དང་ཐག་མི་རིང་བའི་སར་གནས་པའི་ཆ་ཚང་རང་འགུལ་ཡིན་པའི་བློ་རིག་འདེབས་འཛུགས་སྒྲོམ་ཚང་10རུ་དྲོད་ཚད་དང་། འོད་འཕྲོ་ཚད། བཞའ་ཚན་བཅས་ཚང་མར་རིག་ནུས་ཅན་གྱིས་སྙོམས་སྒྲིག་གནད་སྨིན་བྱེད་ཀྱི་ཡོད། ཀུང་སིའི་ཕྱིར་འཚོང་འགན་འཁུར་བ་ཐང་ཅུན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར་ཁག་ཐེངས་གཅིག་ཁོ་ནས་གཟའ་འཁོར་རེར་ཤ་མོ་རྒྱ་མ་300ཙམ་ཐོན་གྱི་ཡོད་པ་དང་། ཟླ་རེར་ཤ་མོ་ཐེངས་གཉིས་བརྟན་པོ་བསྡུ་ཐུབ་ནས། སྲོལ་རྒྱུན་གྱི་འདེབས་འཛུགས་རྦད་དེ་མཇུག་འགྲིལ་ཡོད་ཅེས་བཤད།

    ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱས་པ།

    ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ན“མ་བཅོས་ཐོན་རྫས་འཚོང་བའི”ཐོག་མའི་དུས་མཚམས་སུ་སྡོད་མི་རུང་། བོད་ལྗོངས་ཙེ་ནུང་ཡོན་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་སྲིད་གཞུང་གི་འཐུས་སྒོ་ཚང་བའི་སྒྲིག་ཆས་ལྷན་སྦྱར་ལ་གཞི་ཚུགས་ནས། ཐོག་མའི་ཞིང་ལས་ཐོན་རྫས་ཐོན་ཚོང་བྱེད་སྟངས་ཡོངས་སུ་དོར་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་བཟང་སྤེལ་ཞན་གསབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་ཅན་གྱི་ཕན་འབྲས་ཐོན་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད།

    ཐོན་རྫས་འགྲེམས་སྟོན་ཁུལ་གྱི་ཕུན་སུམ་ཚོགས་པའི་ཐོན་རྫས་ལ་མི་རྣམས་ཧང་སངས། གསར་དུ་བཀོག་པའི་བཟའ་བཅའི་ཤ་མོ་ཕུད། ཟོག་སྒྲོམ་ཐོག་ཏུ་ད་དུང་ཀོ་ཤའི་སོན་ཕུང་ཕྱེ་མ་དང་རྩི་ཤིང་གི་བཅུད་ལེན་དངོས་པོ་སོགས་བདེ་ཐང་གི་ཐོན་རྫས་རབ་དང་རིམ་པ་གྲལ་འགྲིག་པོས་བསྒྲིགས་ཡོད་པ་རེད། ཁེ་ལས་ཀྱིས་ཆེད་ལས་ཚན་ཞིབ་ཚོགས་པའི་ལག་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་ཤ་མོའི་རིགས་ཀྱི་ནུས་ལྡན་གྲུབ་ཆ་ལེན་ཐབས་འཚོལ་ཞིབ་ཀྱིས་ས་མཐོའི་ཤ་མོའི་ཐོན་རྫས་དེ་སྲོལ་རྒྱུན་གྱི“ཤ་ཚལ་སྒོང་གསུམ”ནས་རིམ་པ་མཐོ་བའི་ལུས་གསོའི་བཟའ་བཅའ་གསར་པར་རིམ་སྤོར་བྱེད་བཞིན་ཡོད་པ་རེད། ཐོག་མའི་ཞིང་ལས་ཐོན་རྫས་ནས་ཟུར་སྣོན་རིན་ཐང་མཐོ་བའི་བདེ་ཐང་འཛད་ཟོག་བར་ས་མཐོའི་ཤ་མོར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    ཐོན་འཚོང་གཉིས་ཀ་བཟང་བ་ནི་མིག་སྔའི་འཕེལ་རྒྱས་ཀྱི་མཚོན་ཚུལ་དངོས་ཡིན་ཞིང་། “ཐོན་རྫས་ཀྱི་སྤུས་ཚད་ལེགས་པ་དང་ཁྲོམ་རའི་ཁས་ལེན་ལེགས་པས། མིག་སྔར་འཛད་སྤྱོད་པའི་ཚོགས་པ་དང་མཁོ་སྤྲོད་ཚོང་པའི་དྲ་རྒྱ་བརྟན་པོ་ཞིག་ཆགས་ཡོད”ཅེས་ཐང་ཅུན་གྱིས་གསར་འགོད་པར་བཤད།

    ཞིང་འབྲོག་པ་ཞིང་པ་གསར་པར་གྱུར་པ།

    ཐོན་ལས་གྲོང་གསེབ་ཏུ་གཞི་ཚུགས་རྗེས་མང་ཚོགས་ལ་ཕན་པ་འདོགས་དགོས། དཔལ་འབྱོར་གླིང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་རོགས་སྐྱོར་གནད་སྨིན་འོག བོད་ལྗོངས་ཙེ་ནུང་ཡོན་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས“སྲིད་གཞུང་གིས་སྒྲིག་ཆས་སྒྲིག་སྦྱོར་དང་། ཁེ་ལས་ཀྱིས་ཤ་མོ་འདེབས་པ། ལག་རྩལ་གྱི་རོགས་སྐྱོར་བྱེད་པ། ཞིང་དུད་ཀྱིས་གཡོག་བྱེད་བྱེད་པ། སྤུས་རྟགས་གཅིག་གྱུར་བཟོ་བ”བཅས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། ཞིང་ནང་ནས་ལས་ཞུགས་ཐུབ་པ་དང་འབབ་འཕར་ཁེ་སྤོགས་མང་ཚོགས་ཀྱིས་ལོངས་སྤྱོད་ཐུབ་པར་བྱས་ཡོད།

    མིག་སྔར། བཟོ་གྲྭས་ལས་ཞུགས་ལས་གནས་བརྟན་པོ་ཁག་5མཁོ་འདོན་བྱས་པ་དང་ས་གནས་དེ་གའི་མང་ཚོགས་7ཡུན་རིང་གླ་པར་གླས་ནས། ལོ་རེར་ཆ་སྙོམས་མི་ཐེངས་200ལྷག་ཙམ་ལ་གནས་སྐབས་ལས་གནས་མཁོ་འདོན་བྱེད་ཀྱི་ཡོད། དེ་ལས་གལ་འགངས་ཆེ་བ་ཞིག་ནི། གནད་སྨིན་འཐུས་ཚང་གི་ཤ་མོ་འདེབས་འཛུགས་དང་ལག་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་རྣམ་པ་དེ་རིམ་བཞིན་མཁར་རྩེ་དང་། གསུམ་འཕྲེང་། ལྕང་ར་ཤར་སོགས་ཉེ་འཁོར་གྲོང་ཚོར་ཁྱབ་གདལ་གཏོང་བཞིན་ཡོད། ཐང་ཅུན་གྱིས“མ་འོངས་པར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ཡང་། ལག་རྩལ་གནད་སྨིན་དང་། འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ། ཚོང་ལམ་བརྟན་པོ་བཅས་གྲོང་གསེབ་ལ་ཡོད་པས། ཞིང་འབྲོག་པ་རྒྱུན་མཐུད་འབབ་འཕར་ཡོང་བའི་བརྟེན་ས་ཞིག་ཏུ་འགྱུར་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།