དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཁྱེར་རྣམ་པ་གསར། འཚོ་བ་དེ་བས་སྐྱིད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཤིན་ཕིང་། ཡའོ་ཞུའེ་ཆིང་། སུང་ཧའོ་ཤིན།   |     སྤེལ་དུས།  2026-07-16

    གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་རེད།

    2025ལོའི་ཟླ་7པར་འཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ཏེ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་གཏོང་དང་། སྒུལ་ནུས་བརྗེ་བ། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་རྒྱུན་སྐྱོང་བ། བཅོས་སྐྱོང་ལ་བརྟེན་ནས་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    ད་ལོའི་ཟླ་5པར། 《གྲོང་ཁྱེར་གསར་སྒྱུར་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ནས། གཙོ་གནད་བཀོད་སྒྲིག་དག་ཞིབ་ཕྲའི་བྱ་སྤྱོད་ཀྱི་ཇུས་གཞི་རེ་རེར་སྒྱུར་རྒྱུ་རེད།

    ཅང་སུའུ་ནན་ཅིང་ཤོན་ཝུའུ་ཆུས་པེ་ཡོན་སྡེ་ཁུལ་པེ་ཡོན་ཁུལ་ཆུང་པེ་ཡོན་གྲོང་ཚོ་གཉིས་པར་སྐྱོད་སྐབས། ལྷང་ལྷང་དུ་གྲགས་པའི་དགོད་སྒྲ་རེ་རེ་ནི་གྲོང་ཁྱེར་གསར་སྒྱུར་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་དུ་གྱུར་ཡོད།

    དབྱར་དུས་ཀྱི་གཟའ་མཇུག་ཏུ། པེ་ཡོན་གྲོང་ཚོ་གཉིས་པའི་རྒན་དར་གཞོན་གསུམ་གྱི་མཛའ་བཤེས་ཐང་ཆེན་དུ་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད་ཅིང་། ཕྲུ་གུ་ཚོས་བློ་རྩེ་གཅིག་བསྒྲིམས་ཀྱིས་ལྟད་མོ་ལྟ་བ་དང་རྒན་རྒོན་ཚོས་རླུང་གཡབ་གཡོབ་བཞིན་སྤྲོ་སྣང་ཆེན་པོས་འཁྲབ་སྟོན་ལྟ་བཞིན་མཆིས།

    ལོ་གཉིས་གོང་དུ། དེ་གའི་ཡུལ་ལྗོངས་ལྟ་སྣང་དོད་པོ་འདི་འདྲ་ག་ལ་ཡོད་དེ། ཆར་དུས་ཤར་རིམ་བཞིན་གྱང་ཟུར་ནས་དྲི་ངན་ཁ་ཞིང་ཁང་པའི་ནང་བཞའ་ཚན་ཆེ་བ་དང་། འཕྲུལ་སྒུལ་འཁོར་རིགས་གང་བྱུང་དུ་འཇོག་པ། གློག་སྒུལ་སྦག་སྦག་ལ་གློག་གསོག་ས་མེད་པ། སྤྱི་པའི་བར་མཐོངས་གཅིག་རང་ཡོད་པ་དེ་ནི་སྐྱ་ཐེར་ཐེར་གྱི་ས་སྟོང་རེད།

    ན་ནིང་ཟླ་7པར། པེ་ཡོན་གྲོང་ཚོ་གཉིས་པ་དང་གསུམ་པར་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་འགོ་ཚུགས་ཤིང་། ཡུལ་དེས་རྒྱུག་པ་ལེབ་བརྡུངས་མི་བྱེད་པར“སྔོན་ལ་ཞིབ་བཤེར་དང་། དེ་རྗེས་དགོས་མཁོ་འདྲི་བ། དེ་ནས་གསར་སྒྱུར”བཅས་མཐའ་འཁྱོངས་བྱས་པ་རེད། གྲོས་དོན་ཚོགས་འདུ་འཚོགས་པ་དང་འདྲི་ཤོག་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་སྤྱད་དེ་རེ་ཞུ་གནད་སྨིན་བསྡུས་པར། གྲོང་མིས་དགོས་མཁོ་ཤོད་པ་དང་སྲིད་གཞུང་གིས་ཨ་ལན་སློག་པ་མངོན་འགྱུར་བྱུང་བ་རེད།

    ཁུལ་ཆུང་གི་ཕྱི་ནང་གཉིས་ཀར་གསར་སྒྱུར་བྱས་ཤིང་། ནང་ངོས་ཉམས་གསོ་གང་ལེགས་དང་ཕྱིའི་གྱང་གི་ཆུ་འགོག་ལ་སྣང་ཆེན་བྱས་ཏེ། ཆུ་སིམ་པ་དང་བཞའ་ཚན་ཆེ་བའི་གནད་དོན་བསལ་བ་དང་། ས་སྟོང་བེད་ཡག་པོ་སྤྱད་དེ་ཁུག་ཀྱོག་གི་བེད་མེད་ས་སྟོང་དུ་རླངས་འཁོར་འཇོག་ས་ཁག་20དང་གློག་སྡོང་ཡོད་པའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་ས་ཁག་2བཟོས་པ། ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་གཅིག་འཐུས་རྣམ་པའི་དམངས་ཕན་ཞབས་ཞུའི་ལྟེ་གནས་གསར་པ་བསྐྲུན་པར། རིག་ནུས་གྲོན་འཇལ་དང་། ཁྱིམ་ལས་མྱུར་བཟོ། སྡེ་ཁུལ་གྱི་ཟ་ཁང་སོགས་ཀྱི་བྱེད་ནུས་གཅིག་ཏུ་བསྡུས་ཡོད་པ་རེད།

    པེ་ཡོན་ཁུལ་ཆུང་ནི་གྲོང་ཚོ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལས་གྲུབ་པ་དང་། གྲོང་ཚོ་གཉིས་པ་དང་གསུམ་པ་སྒྱུར་བཀོད་ཡག་པོ་བྱུང་བའི་དབང་གིས་གྲོང་ཚོ་དང་པོའི་གྲོང་མིའི་སྒྱུར་བཀོད་ཀྱི་ཧུར་སེམས་འཕེལ་ཡོད། པེ་ཡོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཝུའུ་ཞའོ་ཡན་གྱིས། “འཆར་གཞི་ལྟར་ན་གྲོང་ཚོ་དང་པོར་སྒྲིག་བཀོད་ཉམས་གསོ་དང་། རིག་ལྡན་བདེ་སྲུང་། མཛེས་ལྗོངས་བསྐྲུན་པ་བཅས་ཕུད་ད་དུང་བེད་མེད་ས་སྟོང་བེད་སྤྱོད་བྱས་ཏེ་ཐང་ཆེན་ཆུང་ངུ་དང་དམངས་ཕན་ཞབས་ཞུའི་བར་མཐོངས་བསྐྲུན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན་ཞིང་། ས་གནས་ཁག་གིས་འཆར་འགོད་ལས་འགན་དུ་བརྩིས་ནས་ཇུས་གཞི་དེ་ལག་ལེན་དངོས་སུ་འགྱུར་བར་བྱས་ཡོད།

    —— བར་མཐོངས་གསར་པ་བཟོས་ཏེ་དམངས་འཚོར་དྲོ་སྐྱིད་སྦྱིན་ནས་སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་མཐོངས་བསྐྲུན་པ།

    མི་རིང་བའི་་གོང་དུ། སི་ཁྲོན་ཁྲེང་ཏུའུ་དབུན་ཅང་ཝུན་མེའོ་དབྱིན་སྲང་ལམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ཁྲོམ་ཁུལ་བཏོད་དེ་གང་སར་མེ་ཏོག་བསྒྲིགས་ནས་མགྲོན་པོ་བསུ་བ་དང་། ཇ་འཐུང་གླེང་མོལ། སི་ཁྲོན་གྱི་གཞས་གདངས་ལྷང་ལྷང་གྲགས་པ་བཅས་ལས་ལོ་རྒྱུས་ཀྱི་མྱོང་ཚོར་དང་འཚོ་བའི་ཉམས་སྣང་མཉམ་དུ་འདྲེས་ཡོད།

    འདྲེན་བྱེད་ཡུལ་དུ་འཚོ་བའི་ཉམས་སྣང་ལྷག་པར་མངོན་པའི་ཁྲོམ་གཞུང་དེར་དེ་སྔ་ལྟ་བས་མི་བཟོད་པ་ཞིག་ཡོད་ཅིང་། ལོ་ཤས་གོང་དུ་དེ་གར་སྐྲུན་དངོས་རྙིང་པ་མང་པོ་ཞིག་བེད་མེད་དང་ཉམས་བཟོ་ཐུབ་མེད་ཁར་ཁང་པ་གང་བྱུང་དུ་བརྒྱབ་པ་དང་གྲོང་ཁུལ་རྙིང་པའི་རྣམ་པ་ཟང་ཟིང་ཆེ་བ་ཞིག་ཡོད།

    གྲོང་ཁྱེར་གསར་སྒྱུར་གྱིས་ཁྲོམ་གཞུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཁྲེང་ཏུའུ་གྲོང་ཁྱེར་དབུན་ཅང་ཆུས་གྲོང་ཁྱེར་སྐྱེ་ལྡན་གསར་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ནཱ་ནཱ་ཡིས། “ང་ཚོས་བཤིག་སྐྲུན་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་ཤུལ་བཞག་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་འོག་ཡུལ་བབ་དང་བསྟུན་ནས་བར་མཐོངས་ལེགས་གཏོང་དང་། ལས་རྣམ་ཕུན་སུམ་ཚོགས་སུ། ཡུལ་རྣམ་གསར་གཏོད་བཅས་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་11.5ལས་གྲྭ་གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ་དང་། སྡེ་ཁུལ་5000ལ་འཐུས་སྒོ་ཚང་བའི་སྡེ་ཁུལ་འཛུགས་སྐྲུན་སྒྱུར་བཀོད་དང་ལོ་རྒྱུས་ཀྱི་རིག་གནས་ཁྲོམ་ཁུལ་300ཉམས་བཟོ་དང་རིམ་སྤོར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་མཐོངས་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

    —— སྐྱེ་ཁམས་ལྗང་འགྱུར་ལ་བརྟེན་ནས་འཕེལ་རྒྱས་རྨང་གཞི་བརྟན་པོ་བཏིང་སྟེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།

    རྐང་ཐང་ལམ་ཞིག་ནི་གྲོང་ཁྱེར་ཞིག་གི་ལྗང་མདོག་འཕར་རྩ་ཡིན་ཞིང་། ད་ལོ་ཀོང་ཏུང་ཀོང་ཀྲོའུ་པེ་ཡུན་ཆུས་ཀྱི་སྤྱི་ལེ་40ཡི་ནགས་ཚལ་རྐང་ལམ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་རེད། དེ་སྔ་རྩྭ་ངན་གྱིས་ཁེངས་པ་དང་། ལམ་ཐིག་མི་གསལ་བ། སྒྲིག་བཀོད་རྙིང་ཧྲུལ་བཅས་ཡིན་པའི་ནགས་ས་དེ་བདེ་འཇགས་ཤར་གཏོང་དང་། སྒྲིག་བཀོད་འཐུས་ཚང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ལྗང་མདོག་བར་ཁྱམས་སུ་གྱུར་ཡོད།

    “ལྗང་མདོག་ལམ་བུ་ཡོད་སྟབས་ངེད་ཚོའི་ཁྱིམ་གྱི་སྒོ་ཁར་ཡང‘རང་བྱུང་གསོ་རླུང་ཁང’ཡོད” ལོ་65ལ་སླེབས་པའི་དགེ་རྒན་ལི་ཀྲེང་གིས་རྟག་ཏུ་ཚ་བོ་ཁྲིད་དེ་ལྗང་མདོག་ལམ་བུར་འཆམ་འཆམ་དང་སོས་དལ་ལུས་སྦྱོང་བྱེད་ཀྱི་ཡོད། ནགས་ཚལ་རྐང་ཐང་ལམ་བསྐྲུན་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་སླར་གསོ་ནུས་ལྡན་ཐུབ་པ་མ་ཟད་གྲོང་མིར་ཡང་སྤུས་ལེགས་ཀུན་ཕན་གྱི་སྐྱེ་ཁམས་སྤྱི་པའི་ཐོན་རྫས་མཁོ་འདོན་ཐུབ་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་སྤྱི་གླིང་སྤང་ལྗོངས་སྤྱི་ཆིང་ཁྲི་2སྒྱུར་བཀོད་རིམ་སྤོར་དང་། ལམ་ཟུར་སྤྱི་གླིང་ཁྲི་1.5གསར་སྣོན། གྲོང་ཁྱེར་གྱི་ལྗང་མདོག་ལམ་བུ་སྤྱི་ལེ་ཁྲི་2འཛུགས་སྐྲུན་སྒྱུར་བཀོད། གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་སླར་གསོ་བཅས་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད།

    —— མདོང་དྲ་ཤར་གཏོང་བྱས་ཏེ་གྲོང་ཁྱེར་གྱི་བདེ་འཇགས་སྲུང་ནུས་ཆེ་རུ་བཏང་བ།

    ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཧྭ་ཁའེ་ལམ་གྱི་ལམ་ངོས་ལ་འགྱུར་བ་གང་ཡང་མེད་ཀྱང་། གཏིང་ཚད་སྨི་ཁ་ཤས་ཡོད་པའི་ས་འོག་ཏུ་གྲོང་ཁྱེར་གྱི་མདོང་ལམ་ཉམས་བཟོ་བྱེད་བཞིན་ཡོད་པ་རེད།

    བཟོ་པ་ཞིག་གིས་ཁྲོན་པའི་ཁར་ཞིབ་བཤེར་བྱས་རྗེས་དམིགས་བསལ་གྱི་མཉེན་མདོང་ཞིག་མདོང་ལམ་རྙིང་པའི་ནང་ག་ལེར་བླུགས། དེ་རྗེས་དེའི་ནང་ཚ་རླངས་བཏང་བས། དེ་སྦོས་ནས་སྦུག་ལྡེབས་ལ་སྦྱར་བ་དང་འབྲེལ་མགྱོགས་པོ་མཁྲེགས་པོར་གྱུར་ནས་མདོང་དྲ་ཡོངས་སུ་བཤངས་ཐུབ་པས། ལམ་ངོས་སྔོག་དགོས་བྱུང་མེད།

    ས་འོག་མདོང་དྲ་སྒྱུར་བཀོད་ཀྱི་དམིགས་ཡུལ་ནི་འབྱུང་རྩ་ནས་འཁྱིལ་ཆུའི་གནོད་སྐྱོན་དང་ཕྱིར་ལུད་ཀྱི་ཉེན་ཁ་ཆུང་དུ་བཏང་སྟེ་ཆར་ཆུ་དང་བཙོག་ཆུ་སོ་སོར་བཞུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    གྲོང་ཁྱེར་གྱི་ས་འོག་མདོང་དྲ་སྤྱི་ལེ་ཁྲི་77འཛུགས་སྐྲུན་སྒྱུར་བཀོད་བྱས་པའི་ནང་སོལ་རླངས་ཀྱི་མདོང་དྲ་སྤྱི་ལེ་ཁྲི་20ཙམ་དང་། ཆུ་འབུད་མདོང་དྲ་སྤྱི་ལེ་ཁྲི་17.5ཙམ། ཆུ་འདོན་མདོང་དྲ་སྤྱི་ལེ་ཁྲི་17.5ཙམ། བཙོག་འབུད་མདོང་དྲ་སྤྱི་ལེ་ཁྲི་10ཙམ། དྲོད་འདོན་མདོང་དྲ་སྤྱི་ལེ་ཁྲི་12ཙམ་ཡོད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་བདེ་འཇགས་དང་བློས་འགེལ་ཆོག་པའི་མཉེན་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

    ཁུལ་ཆུང་རྙིང་པ“སྒྱུར་བཀོད་ཕྲན་བུ”ནས་ས་འོག་མདོང་དྲ“སྒྱུར་བཀོད་ཕྲན་བུ”བྱེད་པའི་བར་དང་། དེ་ནས་གྲོང་ཁྱེར་གྱི་ལྗང་མདོག་ལམ་བུའི་སྐྱེ་ཁམས་བར་གྲོང་ཁྱེར་གསར་སྒྱུར་བྱས་པ་དེས་ང་ཚོའི་འཚོ་བའི་བར་མཐོངས་མགྱོགས་མྱུར་ལེགས་སུ་ཕྱིན་ཏེ་གྲོང་ཁྱེར་ཚང་མ་དེ་བས་སྡོད་མལ་ལ་འཚམ་པ་དང་། དེ་བས་གསོན་ཤུགས་འཕེལ་བ། དེ་བས་སྐྱིད་སྣང་དོད་པ་བཅས་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།