རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་བདེ་ཐང་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་བདེ་ཐང་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བདེ་ཐང་ཀྲུང་གོ་གང་མགྱོགས་སྐྲུན་དགོས་པའི་བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར། སྨན་བཅོས་འཕྲོད་བསྟེན་གོང་འཕེལ་གཏོང་སྟངས་ཐད་བདེ་ཐང་ལྟེ་བར་འཛིན་པར་དེ་བས་མཐོང་ཆེན། ཞབས་ཞུའི་མ་ལག་ཐད་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བར་དེ་བས་མཐོང་ཆེན། སྒྱུར་བཅོས་དང་བཅོས་སྐྱོང་ཐད་ཕྱོགས་ཁག་གི་མཐུན་སྦྱོར་ལ་དེ་བས་མཐོང་ཆེན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ། བདེ་ཐང་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་བདེ་ཐང་ལ་དེ་བས་མཐོང་ཆེན་བྱེད་པར་སྐུལ་འདེད་གཏོང་བ། བདེ་ཐང་ལ་ཕན་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པ། རྒྱལ་དམངས་ཀྱི་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཐང་རྨང་གཞི་བརྟན་དུ་གཏོང་དགོས།
《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལམ་ལུགས་མ་ལག་རིམ་བཞིན་སྐྲུན་པ་དང་། བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགན་སྲུང་ནུས་པ་དང་། གཞི་རིམ་གྱི་ནད་འགོག་ནད་བཅོས། བདེ་ཐང་གི་དོ་དམ་ནུས་པ་བཅས་ཆེ་རུ་མངོན་གསལ་དོད་པོ་འགྲོ་བ། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བཀོད་སྒྲིག་དེ་བས་ལེགས་སུ་འགྲོ་བ། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པའི་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་འཕེལ་རྒྱས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ། འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་སྨན་རྫས་འཕེལ་རྒྱས་ཁྲོད་རང་རྒྱལ་གྱི་སྣེ་ཁྲིད་གནས་བབ་སྔར་བས་བརྟན་དུ་འགྲོ་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80བར་རིང་དུ་འགྲོ་བ། བདེ་ཐང་གི་དམིགས་ཚད་གཙོ་བོ་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཐུབ་པ་བཅས་བྱས་ཏེ། 2035ལོར་བདེ་ཐང་ཀྲུང་གོ་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་འདིང་དགོས།
《འཆར་འགོད》ནང་། མི་ཚོགས་ཡོངས་དང་། ཕྱོགས་ཡོངས། དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་གི་བདེ་འཇགས་སྲུང་བཅད་རྒྱུན་མཐུད་བརྟན་དུ་གཏོང་བ། སྤུས་ལེགས་ནུས་ཆེའི་སྒྲིག་བཅོས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། འཕྲོད་བསྟེན་བདེ་ཐང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། བདེ་ཐང་ལྟེ་བར་འཛིན་པའི་ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཕྱོགས་5ལ་དམིགས་ནས་གཙོ་གནད་ལས་འགན་ཁག་24བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག སྤུས་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་བདེ་འཇགས། འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་གི་དེང་རབས་ཅན་འཛུགས་སྐྲུན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པའི་གསར་གཏོད་གལ་ཆེན། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འདུ་འགོད་དང་རྣམ་གྲངས་གལ་ཆེན་དང་། དེ་བཞིན“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་གི་མཛུབ་ཁྲིད་རྩ་དོན་བཏོན་ཡོད་པ་རེད།
《འཆར་འགོད》ནང་བླང་བྱ་བཏོན་དོན། འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཏང་གི་འགོ་ཁྲིད་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《“བདེ་ཐང་ཀྲུང་གོ་2030”ཡི་འཆར་འགོད་རྩ་གནད》དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འཆར་འགོད་ཀྱི་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཆར་འགོད་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པ་དང་། དོན་དངོས་ལ་གཞིགས་ནས་ལས་འགན་དང་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་ལེགས་སུ་བཏང་སྟེ། འཆར་འགོད་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།