རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས།
རི་པིན་དང་འབྲེལ་བ་ཡོད་པའི“ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་གཅོད”ཟེར་བའི་མ་རབས་གཏམ་སྤྱོད་སྐོར་ལ་སྐད་ཆ་དྲང་ནན་བྱེད་ཀྱི་ཡིན་ཞེས་བཤད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རི་པིན་གྱི་ཕྱི་བློན་གྱིས“ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་གཅོད”ཟེར་བ་བཏོན་ནས་ལོ་བཅུ་འཁོར་བར་སྐད་ཆ་ཤོད་རེས་བྱས་པ་དང་རི་པིན་གྱིས་རྒྱལ་ཁབ་གཞན་དག་དང་མཉམ་དུ་མཉམ་འབྲེལ་གསལ་བསྒྲགས་ཟེར་བ་སྤེལ་བར་དམིགས་ནས། ཚེས་13ཉིན། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་པ་ཧྲི་ཡུང་གིས་རི་པིན་གྱི་ཕྱི་དོན་ལས་ཁུངས་ཨེ་ཤེ་ཡ་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ཅུས་ཀྱི་ཅུས་ཀྲང་ཅིན་ཅིང་ཀྲེང་ཀྲང་ལ་སྐད་ཆ་དྲང་ནན་བྱས་པ་མ་ཟད། རྒོལ་གཏམ་ཡང་དྲག་པོ་བཏང་བ་རེད།
ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། “ཁྲུན་གཅོད”ཟེར་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞི་ལས་འགལ་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་རྡབ་རྡེག་ནན་པོ་ཕོག་པ་དེ་ནི་ཁྲིམས་དང་མི་མཐུན་ཞིང་གོ་མི་ཆོད་པ་དང་གཅུན་ནུས་མེད་པའི་ཤོག་སྙིགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས“ཁྲུན་གཅོད”དེར་དམིགས་པའི་འདོད་ཚུལ་དང་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱ་རྒྱུ་མ་ཟད་དང་ལེན་ཡང་བྱེད་ཀྱི་མིན། ལྷོ་རྒྱ་མཚོའི་ཀྲུང་གོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡང“ཁྲུན་གཅོད”དེའི་ཤུགས་རྐྱེན་ཕོག་གི་མེད། ལྷོ་རྒྱ་མཚོའི་གནད་དོན་ཐད་རི་པིན་ལ་ལོ་རྒྱུས་ཀྱི་ཉེས་འགན་ཡོད་པ་མ་ཟད་གཙང་རྩིས་ཀྱང་བརྒྱབ་མེད་པས་མཐོ་བཤད་དམའ་བཤད་བྱེད་དབང་མེད། རི་པིན་གྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་རྒྱུན་མཐུད་ཐེ་ཇུས་དང་ཁྲིམས་དང་མི་མཐུན་པའི“ཁྲུན་གཅོད”ལ་ཆབ་སྲིད་ཀྱི་གཡོ་སྒྱུར་བྱས་པ་དང་འབྲེལ་ཡོད་ཀྱི་མ་རབས་གཏམ་སྤྱོད་ཀྱིས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་འགྲན་སློང་བྱས་པ་དེས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་བཏང་བ་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་འདོད་མཐུན་ལས་རྒྱབ་འགལ་དུ་སོང་བས། ས་ཁུལ་དང་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་དོགས་ཟོན་བྱེད་ཀྱི་ཡོད། རི་པིན་གྱིས་འཁྲུག་རྐྱེན་བསླངས་པར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་ནུས་ལྡན་མཐའ་གཅིག་ཏུ་སློག་རྒྱུ་ཡིན་ལ། རང་ངོས་ཀྱི་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བརྟན་པོའང་བྱེད་ཀྱི་ཡིན།
འབྲེལ་ཡོད་གསར་འགྱུར།