ཀྲུང་སེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།
ད་ལོའི་ཟླ་6ཚེས་30ཉིན་ནི་ཀྲུང་གོ་དང་སེ་ཧྲེར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་དྲན་གསོའི་ཉིན་མོ་རེད། ལོ་50ཡི་རིང་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་བྱུང་བ་དང་། ཕྱོགས་གཉིས་པོའི་མཛའ་གྲོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་ཡོད།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཡོད། ཉིན་ཤས་གོང་སེ་ཧྲེར་སྲིད་གཞུང་གི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ་སེ་ཧྲེར་དུ་ཕེབས་ནས་སེ་ཧྲེར་རང་བཙན་བྱུང་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། ཀྲུང་གོའི་མཚོ་དམག་གི་ཐང་ཧྲན་དམག་གྲུའི་དཔོན་དམག་གི་རུ་སྟར་གྲུ་བཞི་དམག་གཟིགས་མཛད་སྒོར་ཞུགས་པ། ཧོ་ནན་དྲག་རྩལ་ཚོགས་པས་གར་སྟེགས་སུ་འཁྲབ་སྟོན་བཅས་བྱས་པ་རེད། སེ་ཧྲེར་གྱི་ཙུང་ཐུང་ཧོ་སྨི་ཉི་ཡས་མིག་སྔར་སེ་ཀྲུང་གི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
ཕྱི་འབྲེལ་བཙུགས་ཚུན་ཀྲུང་སེ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་ཡོད། སེ་ཧྲེར་གྱིས་རང་རྒྱལ་ཁབ་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱས་ཡོད་ལ། སེ་ཧྲེར་ཕྱོགས་ཀྱིས་ཀྱང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ད་ལོའི་ཟླ་4པར་སེ་ཧྲེར་སྲིད་གཞུང་གིས་མཛའ་གྲོགས་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་མཉམ་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་གཞིགས་པ་དང་ཁ་གསལ་གཞུང་དྲང་ངང“ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་འཐུས་ཚབ་མི་སྣ་ལའེ་ཆིང་ཏེ་ཕྱིར་བྲོས་བྱོལ་འཕུར་སྐྱོད་ཀྱི་ཆོག་འཐུས་མེད་པར་བཟོས་པ་དང་། སེ་ཧྲེར་ཕྱོགས་ཀྱིས་ད་དུང་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་དྲང་ནན་གྱི་ལངས་ཕྱོགས་ཡོངས་བསྒྲགས་བྱས་པ་རེད། སེ་ཧྲེར་གྱི་ཕྱི་འབྲེལ་པུའུ་ཀྲང་གིས། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་འཇོག་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་50ཡི་རིང་སྲིད་ཇུས་དེར་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ནན་པོ་ཞུས་ཡོད་ལ་སླད་ཕྱིན་ཡང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་སྲིད། རྡོ་རྗེ་བྲག་ལྟར་བརྟན་པའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་རིགས་ལས་ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་ནི་རྒྱལ་ཁབ་ཆེ་ཆུང་དབར་གྱི་ཟོལ་མེད་ཀྱི་མཛའ་མཐུན་དང་། འདྲ་མཉམ་མཉམ་གནས། ཕན་ཚུན་ལྟ་སྐྱོང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་ཞིག་ཡིན་པ་གསལ་བཤད་ནུས་ལྡན་ཐུབ་ཡོད་ཅེས་བརྗོད།
ལོ་50ཡི་རིང་ཀྲུང་གོ་དང་སེ་ཧྲེར་དབར་གྱི་དངོས་སྒྲུབ་མཉམ་ལས་དེ་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་སུ་བསྐྱོད་ཡོད། ཕྱོགས་གཉིས་པོས་ལྗང་མདོག་ཐཱན་ཉུང་དང་། གྲངས་འཛིན་གྱི་རྨང་གཞིའི་འཛུགས་སྐྲུན། རིག་སློབ་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། ཀྲུང་གོ་སྲིད་གཞུང་གིས་སེ་ཧྲེར་ལ་རོགས་སྐྱོར་བྱས་པའི་ཐཱན་ཉུང་དཔེ་སྟོན་ཁུལ་གྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ། ཀྲུང་གོའི་སྤུས་རྟགས་ཀྱི་ནུས་གསར་རླངས་འཁོར་ལ་ས་གནས་དེ་གའི་འཛད་སྤྱོད་པས་དགའ་པོ་བྱེད་པ། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་ཧུར་ཐག་འོག་རིག་ལྡན་སློབ་ཁང་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་ལ་སོགས་ཀྲུང་སེའི་དངོས་སྒྲུབ་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་མང་པོ་ཐོབ་ཡོད།
ཀྲུང་གོ་དང་སེ་ཧྲེར་དབར་མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་སེ་ཧྲེར་ལ་རིམ་རྩིས་བརྒྱབ་ན་སྨན་བཅོས་རུ་ཁག་20བཏང་ནས་སེ་ཧྲེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། སེ་ཧྲེར་སློབ་ཆེན་ཁུང་ཙི་སློབ་གླིང་གིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་སློབ་མ་2000ལྷག་ཙམ་གསོ་སྐྱོང་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་མཁོ་འདོན་བྱས་པའི་ཡུལ་སྐོར་སློབ་སྦྱོང་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྣམ་གྲངས་རྒྱུན་མཐུད་དོན་འཁྱོལ་བྱས་པར་རྒྱལ་ཁོངས་སེ་ཧྲེར་ནས་ཡིན་པའི་གཞོན་ནུ་200ལྷག་ཙམ་ཀྲུང་གོར་སློབ་སྦྱོང་བྱེད་པར་སླེབས་ཡོད། ན་ནིང་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་སློབ་གླིང་7དང་སེ་ཧྲེར་གྱི་ས་གནས་དེ་གའི་སློབ་གླིང་དབར་མཛའ་གྲོགས་སློབ་གྲྭའི་འབྲེལ་བ་བཙུགས་པ་རེད།
འབྱུང་འགྱུར་ལ་ཕྱོགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་སེ་ཧྲེར་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་། རྒྱ་མཚོའི་དཔལ་འབྱོར། གླིང་ཕྲན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། མི་ཆོས་རིག་གནས་ཀྱི་སྤེལ་རེས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཧུར་ཐག་གཞོལ་བ་དང་། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ལ་བརྟེན་ནས་གཉིས་ཕན་གྱི་འཕེལ་རྒྱས་བར་མཐོངས་མུ་མཐུད་ཆེ་རུ་གཏོང་བ། ཀྲུང་སེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་མཚོ་ཆེན་པོ་བརྒལ་བའི་མཛའ་གྲོགས་ལྗོན་ཤིང་ལ་འབྲས་བུ་གཡུར་དུ་ཟ་བ་འདོགས་ཐུབ་པར་བྱེད་འདོད་ཡོད།
(རྩོམ་པ་པོ་ནི་སེ་ཧྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།