དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་མཐོའི་ཁྱད་ལྡན་སྐྱེ་ཁམས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧྲེན་ཧྲའོ་ཐེ། དབྱིན་ཅེ། ཅང་མོང་།   |     སྤེལ་དུས།  2026-07-16

    རྩྭ་ར་དྭངས་གཙང་དང་། ནམ་ཟླ་བསིལ་བ། ཉི་འོད་དྲོ་བ་སོགས་མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ནོར་གནག་དང་། ས་མཐོའི་དབྱར་ཚལ། འདྲེ་ཚེར་མ་སོགས་ས་མཐོའི་ཁྱད་ལྡན་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ཏེ་མང་ཚོགས་སྐྱེ་ཁམས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད། གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཁེ་ལས་318ཡོད་པ་དེ་དག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་162.27ཟིན་ཡོད་པ་རེད།

    ནོར་གནག་མགོ་གྲངས་གཅིག་ལས་ཕན་འབྲས་དེ་བས་མང་པོ་ཐོན་པ།

    ས་བབ་མཐོ་ཚད་སྨི་4000ལྷག་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྐྱེ་ཁམས་འབྲོག་ལས་མཉམ་ལས་མཉམ་འབྲེལ་ཁང་གི་འབྲོག་པ་བསོད་ནམས་སྟོབས་རྒྱལ་ལ་ནོར་གནག་282ཡོད་པའི་ཁྲོད་བཞོན་མ་52ཡོད། ཁོང་ཁྱོ་ཤུག་གཉིས་ཀྱིས་ཞོགས་པ་སྔ་པོ་ནས་འོ་མ་བཞོས་ཚར་རྗེས་འཕྲལ་དུ་རྫོང་གྲོང་གི་ཡུལ་ཤུལ་འབྲིའི་འོ་མ་འཕེལ་རྒྱས་ཚད་ཡོད་ཀུང་སིར་སྐྱེལ་གྱི་ཡོད།

    བསོད་ནམས་སྟོབས་རྒྱལ་གྱིས་རགས་རྩིས་བརྒྱབ་པར་གཞིགས་ན། འབྲིའི་འོ་མ་སྤྱི་རྒྱ་རེར་སྒོར་13ཡིན་པས་ཉིན་དེ་ཁོ་ནར་འོ་མ་བཙོངས་པའི་ཡོང་འབབ་སྒོར་500ལྷག་ཟིན་ཡོད་པ་རེད།

    ཡུལ་ཤུལ་འབྲིའི་འོ་མ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གཙང་ལ་གྲལ་འགྲིག་པའི་འཁོར་ཁང་ནང་དུ་བཟོ་པ་ཚོ་ལས་ཀར་བྲེལ་བཞིན་ཡོད་པ་དང་། “ང་ཚོས་ཉིན་རེར་འོ་མ་རྒྱ་མ་5000ཡས་མས་ལས་སྣོན་བྱེད་ཐུབ་ཀྱི་འདུག ང་ཚོའི་ཐོན་རྫས་གཙོ་བོ་ནི་ཞོ་དང་། མར། འོ་ཇ་སོགས་ཡིན་ལ་དེ་དག་ཚང་མ་མངགས་ཐོ་ལྟར་ཐོན་སྐྱེད་བྱེད་ཀྱི་ཡོད”ཅེས་ཡུལ་ཤུལ་འབྲིའི་འོ་མ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ་བསམ་གྲུབ་དར་རྒྱས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་། ཡུལ་ཤུལ་འབྲིའི་འོ་མ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཐོན་ཚོང་གཉིས་ཀ་ཡག་པོ་བྱུང་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བརྟན་པོ་ཐུབ་ཀྱི་ཡོད། བསམ་གྲུབ་དར་རྒྱས་ཀྱིས། ཀུང་སིས་འབྲི་སྟོད་རྫོང་གི་ཤང་དང་གྲོང་རྡལ་6དང་། གྲོང་ཚོ་རིམ་པའི་མཉམ་ལས་ཁང་20 ཁྱིམ་ཚང་འབྲོག་ར་100 དུད་སྦྲེལ་གཉེར་སྐྱོང་ཚོང་དུད་50སོགས་དང་འོ་མ་མཁོ་འདོན་གྲོས་མཐུན་བཞག་པ་དང་ཆབས་ཅིག འོ་མ་འདོན་སྤྲོད་ས་ཚིགས་བཙུགས་ནས་འབྲོག་དུད་3765ལ་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    དཀར་ཆུའི་ཐོན་རྫས་ཕུད་ཚགས་ཤ་ལ་ཡང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཞིང་། ཡུལ་ཤུལ་ལ་ལག་ཡོད་ནོར་གནག་མགོ་གྲངས་ཁྲི་160ཙམ་ཡོད་པ་དེ་དག་གཙོ་བོ་ས་བབ་མཐོ་ཚད་སྨི་4200ཡན་གྱི་གཙང་གསུམ་ཆུ་འགོ་ཁུལ་དུ་ཡོད། “ཚགས་ཤ་ཞིམ་པོ་ཡོད་ཀྱང་ང་ཚོ་སོ་སོའི་སར་རིན་གོང་ཆེན་པོ་རག་གི་མ་རེད” ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་པོའི་གྲོང་མི་ཡང་ཚགས་ཤ་སོས་པ་ཟ་རྒྱུར་དགའ་པོ་འདུག་ཅེས་ཡུལ་ཤུལ་གྲོང་ཁྱེར་ཕྱོགས་བསྡུས་ཐོན་ལས་ལས་གཏོད་ཟོག་འགྲུལ་གླིང་གི་འགན་འཁུར་བ་བསམ་གཏན་ལྷ་འབྲུག་གིས་བཤད་པ་དང་། ཤ་རིགས་སོས་པ་དུས་ཐོག་ཏུ་གྲོང་ཁྱེར་ཆེན་པོར་དབོར་དགོས་ན་ཐོགས་མེད་ཟོག་འགྲུལ་ནི་འགག་རྩ་ཡིན་པས། 2024ལོའི་ཟླ་ལྔ་པར། ཡུལ་ཤུལ་གྲོང་ཁྱེར་ཕྱོགས་བསྡུས་ཐོན་ལས་ལས་གཏོད་ཟོག་འགྲུལ་གླིང་དངོས་སུ་སྒོ་ཕྱེ་ཞིང་། གླིང་དེའི་ས་ཁྱོན་བཟུང་ཚད་མུའུ་175ཟིན་ལ་མ་དངུལ་ཁྱོན་སྒོར་དུང་ཕྱུར་2.38བཏང་བ་དང་། དེའི་ནང་གཉེར་སྐྱོང་བྱེད་པོ་32ཡོད་པ་དེ་དག་གིས་ཚགས་ཤ་ལས་སྣོན་དང་དཀར་ཆུའི་ཐོན་རྫས་ལས་སྣོན་སོགས་བྱེད་ཀྱི་ཡོད་པ་རེད།

    ས་མཐོའི་སྔོ་ཚལ་ཁུག་ཆེན་ཁུལ་གྱི་གསོལ་ཅོག་སྟེང་བསྒྲིགས་པ།

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་ཏ་ཐུང་ཅིང་ཤིང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་གི་ལས་འཛིན་ཀྲང་པའོ་ཅི་ཏུང་ཙོག་པུར་བསྡད་དེ་སྲན་ལྗང་སྐྱེ་འཚར་ལ་ལྟ་བཞིན་འདུག

    “ད་ལོ་ང་ཚོའི་མཉམ་ལས་ཁང་གིས་སྔོ་ཚལ་མུའུ་970བཏབ་པའི་ནང་མང་ཆེ་བ་སྲན་ལྗང་དང་ཚལ་སྡོང་ཡིན” དེ་རིང་བཀོག་པའི་སྲན་ལྗང་དག་གྲང་ཕྲེང་སྐྱེལ་འདྲེན་བྱས་པ་བརྒྱུད་ཆུ་ཚོད་48རྗེས་ཀོང་ཏུང་ཧྲེན་ཀྲེན་ལ་སླེབས་ཀྱི་ཡོད་པ་དང་། དེ་ནས་ཤང་ཀང་དུ་དབོར་གྱི་ཡོད་ཅེས་པའོ་ཅི་ཏུང་གིས་བཤད།

    སྔོན་ཆད་ས་གནས་དེ་གའི་ཡུལ་མི་ཚོས་གཙོ་བོ་ལོ་སྒོར་པད་ཚལ་དང་མེ་ཚལ་ལྗང་ཁུ་འདེབས་ཀྱི་ཡོད་པས་རིན་གོང་འཕར་ཆག་ཆེ་ཞིང་ཚོང་འབོར་བརྟན་པོ་མེད། 2024ལོར། པའོ་ཅི་ཏུང་གིས་ལས་མི་ཁྲིད་དེ་ཀོང་ཏུང་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་ཀྱི་ཁྲོམ་རར་བརྟག་ཞིབ་བྱེད་སྐབས་སྔོ་ཚལ་ཚལ་ཞིང་དང་སྲན་ལྗང་སོགས་ལ་ས་གནས་དེ་གའི་དགའ་བསུ་ཆེན་པོ་ཐོབ་པ་ཤེས་པས། ཕྱིར་ལོག་རྗེས་སྔོ་ཚལ་ཚལ་ཞིང་སོགས་ཚོད་འདེབས་བྱས་པར་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཁྲོམ་རའི་ཁས་ལེན་ཐོབ་པ་རེད།

    པའོ་ཅི་ཏུང་གིས་སོ་སོའི་བསམ་ཕྱོགས་ལ་འགྱུར་ལྡོག་བཏང་ནས“གང་བཏབ་པ་དེ་འཚོང་བ”ནས“ཁྲོམ་རར་གང་མཁོ་ན་དེ་འདེབས་པར”བསྒྱུར། ན་ནིང་ཏ་ཐུང་ཅིང་ཤིང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་ཤང་ཀང་གི་བཟའ་བཅའ་ཀུང་སི་ཞིག་དང་ལོ་ལྔའི་མངགས་ཐོའི་གན་རྒྱ་བཞག་པས“མངགས་ཐོ་རྣམ་པའི་ཐོན་སྐྱེད”མངོན་འགྱུར་བྱུང་ནས་ལོ་དེའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་560ཟིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར་གཞིགས་ན། མཚོ་སྔོན་གྱིས་ས་མཐོའི་དབྱར་ཚལ་དང་ཤང་ཀང་ལ་མཁོ་འདོན་བྱེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་312བསྐྲུན་ཡོད་པ་དང་། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། མཚོ་སྔོན་གྱིས་ས་མཐོའི་དབྱར་ཚལ་ཏུན་2872.6ཕྱིར་གཏོང་བྱས་ནས་58.5%འཕར་བས། ས་མཐོའི་དབྱར་ཚལ་ནི་མཚོ་སྔོན་གྱི་དཔལ་འབྱོར་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འདྲེ་ཚེར་མ་འབབ་འཕར་གྱི་སྒུལ་ཤུགས་སུ་གྱུར་པ།

    འདྲེ་ཚེར་མ་སོས་པ་འཐོག་པའི་ཉིན་མོ་དང་ཐག་ཇེ་ཉེར་འགྲོ་བ་དང་བསྟུན་ནས། ལོ་56ལ་སླེབས་པའི་ཞུས་ཞན་ཡིང་ཉིན་ལྟར་ཞིང་ནང་དུ་ལས་ལ་བྲེལ་བཞིན་ཡོད། ན་ནིང་འདྲེ་ཚེར་མ་མུའུ་200ལས་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་བྱུང་བས་འདྲེ་ཚེར་མ་དེ་མིང་དོན་མཚུངས་པའི་འབབ་འཕར་གྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད།

    ཞུས་ཞན་ཡིང་གི་འདྲེ་ཚེར་མ་འདེབས་ཁུལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཧོ་ཤིས་ཞིང་རར་ཡོད་ཅིང་། 2008ལོར་ཁོང་ལས་རིགས་དེར་ཞུགས་མ་ཐག་སྐྱེ་ལྡན་འདྲེ་ཚེར་མ་འདེབས་རྒྱུའི་སེམས་ཐག་བཅད། མ་གཞི་མ་གནས་དེ་བས་མཐོ་བ་ཡོད་ཀྱང་བློ་བརྟན་འགྱུར་མེད་ཀྱིས་དེ་རང་འདམ་ག་བྱས་པའི་ལམ་བུར་བསྐྱོད། “ལོ་འདི་དག་རིང་སྐྱེ་ལྡན་འདྲེ་ཚེར་མ་ཁྲོམ་རར་བྲིན་ཁ་ཇེ་རྒྱུག་ཏུ་འགྲོ་གི་འདུག འདི་ལོ་ཧོ་ཤིས་ཞིང་རའི་ལེན་ཏུའེ་དགུ་པའི་འདེབས་འཛུགས་དུད་ཚང་90%ང་དང་མཉམ་དུ་སྐྱེ་ལྡན་འདེབས་འཛུགས་ཀྱི་ལས་ལ་གཞོལ་བཞིན་ཡོད”ཅེས་ཞུས་ཞན་ཡིང་གིས་བཤད།

    འགྱུར་ལྡོག་འདི་ནི་གོར་མོའི་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།

    གོར་མོ་ཞིང་སྦོལ(ཚོགས་པ)ཚད་ཡོད་ཀུང་སི་ནི་ས་གནས་དེ་གའི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་ཞིང་། ས་མཐོའི་ཞིང་ལས་ཐོན་ལས་ལ་འབད་འཐབ་བྱེད་བཞིན་ཡོད་པ་རེད། ད་ཆ་ཀུང་སིའི་འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་5.72ཟིན་པའི་ནང་ཁས་ལེན་དཔང་འདོན་བྱས་པའི་སྐྱེ་ལྡན་འདེབས་ཁྱོན་མུའུ་2586.3ཟིན་ནས་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5ལས་བརྒལ་ཡོད་པ་རེད།

    “དེ་སྔ་མིས་འདྲེ་ཚེར་མར་དབྱེ་གསེས་བྱེད་སྐབས་ཉིན་རེར་མང་ཤོས་སུ་རྒྱ་མ་200ལས་དབྱེ་གསེས་ཐུབ་ཀྱི་མེད། ད་ལྟ་འཕྲུལ་ཆས་འདིས་ཆུ་ཚོད་གཅིག་གི་ནང་ཏུན་1དབྱེ་གསེས་ཐུབ་པ་དང་། མགོ་ནག་པོ་ཆགས་པ་དང་ཟུར་ཆག་པ་སོགས་ཚང་མ་དབྱེ་གསེས་ཐུབ་ཀྱི་འདུག”ཅེས་འདྲེ་ཚེར་མའི་ལས་སྣོན་འཁོར་ཁང་དུ་ཀུང་སིའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་གླིང་གི་ཀྲུའུ་རེན་གཞོན་པ་ཞིང་ལེང་ཏེས་རབས་གསུམ་པའི་དབྱེ་གསེས་སྒྲིག་ཆས་ལ་མཛུབ་མོ་འཛུགས་ཀྱིན་ངོ་སྤྲོད་བྱས།

    ཞིང་ཆེན་ཡོངས་ལ་བལྟས་ཚེ། འདྲེ་ཚེར་མ་འདེབས་ཁྱོན་མུའུ་ཁྲི་44ཟིན་པ་དང་། ལྗང་མདོག་སྐྱེ་ལྡན་འདྲེ་ཚེར་མ་འདེབས་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་ཤིང་ཐོན་ཚད་ཏུན་ཁྲི་10ལས་བརྒལ་བ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་གྱི་ཡོད་པ་རེད། དམར་ཐིང་ཐིང་གི་འདྲེ་ཚེར་མ་དེས་མི་རྣམས་ཀྱིས་ཚ་ཚ་འུར་འུར་གྱི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད་པ་མཚོན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།