བརྒྱུད་རོགས་འཁྲིད་གསུམ་གྱི་བོད་སྐྱོར་སྨན་བཅོས།

འདི་ནི་ཟླ་7ཚེས་7ཉིན་པེ་ཅིང་ཐེན་ཐན་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་རིག་པའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེ་མོ་བ་ཅ་ཝུན་ཆིང་དང་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཧའོ་ཆང་གིས་ནད་པར་གཤགས་བཅོས་བྱེད་བཞིན་པ།

འདི་ནི་ཟླ་7ཚེས་9ཉིན་པེ་ཅིང་ཐེན་ཐན་སྨན་ཁང་དབང་རྩའི་ཕྱི་ནད་ཚན་ཁག་རིག་པའི་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེ་མོ་བ་ཚའོ་ཡུང་གིས་ནད་པར་གཤགས་བཅོས་བྱེད་བཞིན་པ།
ཟླ་7ཚེས་7དང་ཚེས་9ཉིན། རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཅ་ཝུན་ཆིང་དང་ཚའོ་ཡུང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཤགས་བཅོས་དམར་ཁྲིད་བྱེད་སྒོ་སྤེལ་ཞིང་། ཁོང་གཉིས་ཀྱིས་དབང་རྩའི་ཕྱི་ནད་ཚན་ཁག་གི་ཕྲ་མཐོང་གཤགས་བཅོས་སོ་སོར་བྱས་ནས་བོད་ཀྱི་ས་གནས་དེ་གའི་སྨན་བཅོས་ཆེད་ལས་ལག་རྩལ་ཤེས་ལྡན་པར་སློབ་ཚན་རྩ་ཆེན་ཞིག་ཁྲིད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི“ཚོགས་པས་ཚོགས་པ་འཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”བཅས་ཀྱི་ལམ་སྲོལ་ལ་གཞི་ཚུགས་ཤིང་། བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པའི་རུ་མི་དང་པེ་ཅིང་ཐེན་ཐན་སྨན་ཁང་གི་སྨན་པ་ཧའོ་ཆང་གིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པའི་འོག བོད་ཀྱི་ཕྲ་མཐོང་ཕྱི་ནད་ཚན་ཁག་གསོ་སྦྱོང་ལྟེ་གནས་ཐོག་མ་དེ་2026ལོར་བཙུགས་པ་རེད། ད་ཐེངས་ཀྱི་རིགས་གཅིག་མཁས་ཅན་གྱིས་དམར་ཁྲིད་ཀྱི་རྣམ་པའི་ཐོག་ནས་གཤགས་བཅོས་བྱས་པ་དེའང་གསོ་སྦྱོང་སློབ་ཚན་གྱི་ཁོངས་སུ་གཏོགས་ཀྱི་ཡོད།
2015ལོ་ནས་2025ལོའི་ལོ་མཇུག་བར། ཁག་ཐེངས་11དང་མི་ཐེངས་2417གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རི་ཀླུང་མང་པོ་བརྒལ་ནས་གངས་ལྗོངས་ས་མཐོར་ཡོང་སྟེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་12ཀྱི་རོགས་སྐྱོར་སྨན་ཁང་184ཡིས་རོགས་སྐྱོར་བྱ་ཡུལ་སྨན་ཁང་དང་རོགས་རམ་དང་དམར་ཁྲིད་ཀྱི་གྲོས་མཐུན་བཞག་ཅིང་། ཁོང་ཚོས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་བརྒྱུད་རོགས་འཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་རྒྱུན་ཆད་མེད་པར་བྱས་ཡོད། 2025ལོའི་ལོ་མཇུག་བར་དུ་སྨན་བཅོས་ཚོགས་པ་2039ལ་རོགས་རམ་དང་ཁྲིད་སྟོན་བྱས་པ་དང་། ས་གནས་དེ་གའི་སྨན་དོན་མི་སྣ་5416གསོ་སྐྱོང་བྱས་ཏེ། ས་མཐོར“གཞིས་ཆགས་ཀྱི་སྨན་བཅོས་རུ་ཁག”ཅིག་གསོ་སྐྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།