མང་ཚོགས་སེམས་ལ་བཞག འགན་འཁྲི་ཕྲག་ཏུ་འཁུར།
— དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིང་ཞང་གི་སྐོར་བཀོད་པ།
དུས་ཡུན་ལོ་གཅིག་ལྷག་ཙམ་སོང་རྗེས་སླར་ཡང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་སྐྱོད་སྐབས་སྡོད་ཁང་གསར་པ་གྲལ་སྟར་འགྲིག་པོར་གནས་པ་དང་། གྲོང་ཚོའི་ལམ་བུ་གཙང་ལ་རྒྱ་ཆེ་བ་མ་ཟད། ཐོན་ལས་ཀྱང་སླར་གསོ་བྱུང་འདུག
འདི་ག་ནི་བོད་ཀྱི་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པའི་ཡོམ་ལྟེར་གནས་པའི་རྫོང་ཞིག་རེད་ལ། གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཕྲའི་འོག དིང་རི་རྫོང་ཨུད་ཀྱིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག གེགས་རྗེས་བསྐྱར་སྐྲུན་བཅས་ཀྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཤིང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཁྲེན་མིང་ཞང་གིས་ཐོག་མཐའ་བར་གསུམ་དུ་གཡུལ་ས་མདུན་མར་བསྐྱོད་ནས་ཚང་མའི་སྣེ་ཁྲིད་དེ་ལས་དོན་ཏན་ཏིག་བསྒྲུབས་ཡོད།
ཉེན་སེལ་གུད་སྐྱོབ་བྱེད་རིང་ཏང་གཤིས་ལ་ཚོད་བགམ་བྱས་པ་དང་འགན་འཁྲི་ཇི་ལྟར་ཁུར་མིན་ལ་ཞིབ་བཤེར་བྱས་ཤིང་། དེའི་རིང་ཁྲེན་མིང་ཞང་ཉིན་མོར་ཤང་དང་གྲོང་རྡལ་ཁག་ཏུ་གནོད་འཚེ་ཕོག་ཚུལ་ལ་ལྟ་ཞིབ་བྱེད་པར་བསྐྱོད་པ་དང་། དགོང་མོར་གྲོང་རྡལ་དུ་ཉེན་ཁར་དཔྱད་ཞིབ་དང་ལས་འགན་བཀོད་སྒྲིག་བྱས་ནས་ཉིན་རེར་ངལ་གསོ་ཆུ་ཚོད་3ཡང་རྒྱག་ཁོམ་བྱུང་མེད།
རིམ་པ་ཁག་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། དིང་རི་རྫོང་གི་གནོད་འཚེ་ཕོག་པའི་གཞུང་ལམ་5མྱུར་བཟོ་ཐུབ་པ་དང་། ཉེན་གྱར་མང་ཚོགས་253སྐྱོབ་ཐུབ་པ། རྨས་མ་156ལ་སྨན་བཅོས་ཡག་པོ་ཐུབ་པ། གུར་8214དང་སྟབས་བདེའི་ཁང་པ་7661བརྒྱབ་པ། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་5ཙམ་ལ་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་། ཆུ་ཁོལ་འཐུང་རྒྱུ་ཡོད་པ། སྡོད་སའི་ཁང་པ་ཡོད་པ། དྲོད་སྲུང་མལ་ཆས་ཡོད་པ་བཅས་བྱུང་ཡོད།
ལས་ཡུན་ཐུང་བ་དང་། ཨར་ལས་རྒྱུ་ཆ་དབོར་འདྲེན་གྱི་ལམ་ཐག་རིང་བ། ཨར་ལས་བྱ་ཡུལ་གྱི་ཆ་རྐྱེན་ཞན་པ། ལག་རྩལ་གྱི་སྟོབས་ཤུགས་ཆུང་བ་སོགས་བསྐྱར་སྐྲུན་གྱི་དཀའ་གནད་ཀྱི་མདུན་དུ་ཁྲེན་མིང་ཞང་གིས་རང་དཔེ་གཞན་སྟོན་བྱས་ཤིང་། རྫོང་ཡོངས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ཡོངས་ཀྱི་སྣེ་ཁྲིད་དེ་གྲོང་ཚོར་བཅའ་སྡོད་བྱས་ནས་ཟ་སྡོད་ཚང་མ་འཐབ་ས་དང་པོར་བྱས་ཡོད། ཨར་ལས་བྱ་ཡུལ་172སུ“5+2”“ཉིན+མཚན”ལ་བརྟེན་ནས་འཛུགས་སྐྲུན་པ་ཁྲི་2.8ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཡོད།
ཁྲེན་མིང་ཞང་གིས་རང་འགུལ་ངང་གནོད་འཚེ་ཕོག་ཚབས་ཆེ་ཤོས་དང་། གནོད་འཚེ་ཕོག་རྒྱ་ཆེ་ཤོས། འགག་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཡིན་པའི་གྲམ་སོ་ཤང་འགན་གཙང་བླངས་ནས་འགན་ལེན་ཡག་པོ་བྱས་ཡོད། དེའི་རིང་ཁྲེན་མིན་ཞང་གི་གྲུམ་ནད་ནད་ལོག་ཡང་ཡང་བརྒྱབ་པ་དང་། པུས་མོ་སྐྲངས་ནས་ན་ཟུག་གཏོང་ཤུགས་ཇེ་ཆེར་སོང་བ། མིག་རྩ་དམར་པོར་གྱུར་ནས་དངོས་པོ་མཐོང་དཀའ་བར་གྱུར་པ་སོགས་ཀྱི་དུས་སུ་ཉེ་འཁོར་གྱི་བློ་མཐུན་རྣམས་ཀྱིས་ཁོང་ལ་ངལ་གསོ་རྒྱག་རྒྱུའི་ཁ་ཏ་ཐེངས་མང་བྱས་ཀྱང་ཁོང་གིས་སྔར་བཞིན་ལས་ཀར་ཞུགས།
དེས་མ་ཚད་ཁྲེན་མིང་ཞང་གིས་ལས་བྲེལ་ཇི་འདྲ་ཆེ་ནའང་རྟག་ཏུ་དུས་ཚོད་བཙལ་ནས་བསྐྱར་སྐྲུན་བྱ་ཡུལ་དུ་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་པ་དང་། ལེ་ལག་ཚང་བའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་ལྟ་བཤེར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། མང་ཚོགས་ཀྱི་བསམ་འདུན་ཉན་པ་བཅས་བྱས་ཏེ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སྣ་ཚོགས་ཐབས་བརྒྱ་ཇུས་སྟོང་ངང་ཐག་གཅོད་བྱས་ཡོད།
མཐར་དིང་རི་རྫོང་ཡོངས་ཀྱི་དུད་ཚང་8504ཡི་ཁང་པ་བསྐྱར་སྐྲུན་བྱས་པ་དང་། དུད་ཚང་1930ཡི་ཁང་པ་ཉམས་གསོ་བརྟན་གཏོང་བྱས་པ། དུས་བཀག་བཞིན་ཁང་པའི་ནང་སྤོ་རྒྱུ་བྱུང་བ། དེའི་རིང་གནོད་འཚེས་རྐྱེན་པས་དབུལ་གྱུར་དབུལ་ལོག་གི་དོན་རྐྱེན་གཅིག་ཀྱང་ཐོན་མེད།
ལས་དོན་སྤེལ་རིང་ཁྲེན་མིང་ཞང་གིས“གེགས་རྗེས་བསྐྱར་སྐྲུན་ནི་སྡོད་ཁང་བསྐྱར་སྐྲུན་བྱེད་པ་ཙམ་མིན་པར་གེགས་ཁུལ་སྤྱི་ཡོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་རིམ་སྤོར་བྱེད་པ་ཞིག་ཡིན་ལ། བསམ་བློ་བསྐྱར་འཛུགས་དང་སྙིང་སྟོབས་ཆེར་བསྐྱེད་བྱེད་པ་ཞིག་དེ་བས་ཀྱང་ཡིན་པ”ངོས་འཛིན་གཏིང་ཟབ་ཐུབ་ཡོད། དེས་ན་ཁོང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱས་ནས་གནས་སྡོད་ལས་འཚམ་དང་ཡུལ་སྐོར་ལུས་གསོར་འཚམ་པའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་འབད་འབུངས་ལྷོད་མེད་བྱས།
རང་བྱུང་གནོད་འཚེར་སྙིང་རྗེ་མེད་རུང་ཐོག་མའི་བསམ་འདུན་མ་བརྗེད་པར་བྱས་ཤིང་། ཡོམ་འགོག་གེགས་སེལ་ནས་གེགས་རྗེས་བསྐྱར་སྐྲུན་བར་དིང་རི་རྫོང་གིས་དཀའ་ཚེགས་ཆེ་བའི་ལོ་ཟླ་བརྒྱུད་ཡོད་ལ། སྟོབས་ཤུགས་ཤིག་གི་དཔང་པོ་དེ་བས་ཀྱང་བྱས་ཡོད་པ་སྟེ། ཉེན་ཁ་ཆེ་བའི་དུས་སུ་ཏང་རྩ་འཛུགས་ནི་རྟེན་ས་དང་ཏང་ཡོན་ལས་བྱེད་པ་ནི་སྙིང་ཉེ་བ་ཞིག་ཡིན་པ་དེ་རེད།
ཁྲེན་མིང་ཞང་གིས་འགན་འཁྲི་ཁུར་བ་ལས་མཚོན་པ་ནི་གནོད་འཚེ་ཆེན་པོའི་ཁྲོད་ཀྱི་གཞི་རིམ་ལས་བྱེད་པ་ཁྲི་སྟོང་མང་པོའི་དངོས་སྒྲུབ་དོན་གཉེར་གྱི་རྣམ་པ་དེ་རེད། ཁོང་ཚོས་ཞུམ་པ་མེད་པར་གདོང་མཆོང་བྱེད་པ་དང་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཞིང་། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་གངས་ལྗོངས་ས་མཐོར་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེས་ཞིབ་ཕྲ་དང་། ཆེས་གསོན་ཉམས་ལྡན་པ། ཆེས་དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།