བགྲང་བྱ་བཅུ་རིང་འཕོ་འགྱུར་ཆེ། བློ་ནུས་སེམས་སྒྲིལ་འབྱུང་འགྱུར་བཏོད།
—— ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བའི་ལོ་བཅུའི་རིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
2026ལོར་ལྷོ་ཁ་གྲོང་ཁྱེར་འདི་ཉིད་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་ནས་ལོ་ངོ་10སོང་ཞིང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་ཤར་གཏོང་ཐུབ་པ་ནས་གྲོང་གསེབ་གཞུང་ལམ་ཁུལ་ཡོངས་ཤར་གཏོང་ཐུབ་པའི་བར་དང་། ཁྱད་ལྡན་ཐོན་ལས་རིམ་བཞིན་དར་རྒྱས་བྱུང་བ་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་ཕྱིན་པའི་བར་གྱི་ལོ་ངོ་བཅུའི་རིང་གི་འཕོ་འགྱུར་ནི་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད།
ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བའི་ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱས་ནས། ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་སྟེ། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2015ལོའི་སྒོར་དུང་ཕྱུར་98.12ནས་2025ལོའི་སྒོར་དུང་ཕྱུར་331.8བར་འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་2015ལོའི་སྒོར་དུང་ཕྱུར་11.6ནས་2025ལོའི་སྒོར་དུང་ཕྱུར་22.26བར་འཕར་ནས་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ད་ཆ་ལྷོ་ཁའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱལ་ཡོངས་དང་རིམ་བཞིན་གཅིག་མཚུངས་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད།
རྨང་རྩ་གཉིས་བརྟན་བྱུང་ནས་འཕེལ་རྒྱས་ཀྱི་མྱུར་ལམ་བཏོད་པ།
“ད་ཆ་རླངས་འཁོར་བཏང་ནས་S5མྱུར་ལམ་བརྒྱུད་ལྷ་སར་སྐྱོད་སྐབས་སྔོན་ཆད་ལས་ཆུ་ཚོད་གཅིག་ལྷག་ཙམ་གྱིས་ཉུང་བ་འགོར་གྱི་འདུག་པས། ཕར་འགྲོ་ཚུར་འོང་གི་ལས་དོན་བསྒྲུབ་པར་ཧ་ཅང་སྟབས་བདེ་འདུག”ཅེས་གྲོང་མི་རྒྱལ་མཚན་གྱིས་སྟབས་བདེ་ནུས་ཆེའི་འགྲིམ་འགྲུལ་དྲ་བའི་སྐོར་གླེང་སྐབས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བའི་ལོ་ངོ་བཅུ་ཡི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་དམིགས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།
ལོ་བཅུའི་རིང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ཤར་གཏོང་ཐུབ་པ་དང་། ལྷུན་རྩེའི་ཡན་ལག་གནམ་ཐང་དང་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་སྤྱོད་འགོ་ཚུགས་པ། S5ལྷ་ས་ནས་ལྷོ་ཁའི་བར་གྱི་མྱུར་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ། གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ནས། གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་དངོས་སུ་གྲུབ་ཡོད། ལྷུན་རྩེ་རྫོང་གི་མཐའ་མཚམས་གྲོང་གསེབ་ཁག་ཏུ་སྔོན་ཆད་ཀྱི་རི་ལམ་ཀྱག་ཀྱོག་དག་ད་ཆ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་དུ་གྱུར་ནས། དངོས་ཟོག་སྐྱེལ་འདྲེན་དང་མི་སྣ་འགྲོ་འོང་བདེ་རུ་ཤུགས་ཆེན་ཕྱིན་པ་དང་། གཞོན་ནུ་དེ་བས་མང་བས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་པ་མ་ཟད། མཐའ་མཚམས་ཀྱི་གྲོང་གསེབ་ལ་གསོན་ཤུགས་གསར་པ་ཡང་དེ་བས་འཕེལ་བཞིན་ཡོད།
མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་91%ཟིན་པ་དང་ཆུ་མཛོད་50དང་ཆུ་འདྲེན་ཡུར་བུ་སྤྱི་ལེ་5000ཡོད་པ་དེ་དག་གིས་ས་མཐོའི་ཞིང་ས་བརླན་བཞིན་ཡོད་པ་དང་། སྲིད་འཛིན་གྲོང་ཚོའི་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་པ་དང་། སྲིད་འཛིན་གྲོང་ཚོ་369ལ་5Gདྲ་རྒྱ་ཤར་གཏོང་ཐུབ་པ་མ་ཟད། ཞིང་ཆེན་ལམ་དང་རྒྱལ་ལམ་ཡོངས་ལ་4Gདང་5Gཁྱབ་ཅིང་། གྲངས་འཛིན་བརྡ་རྟགས་གངས་རི་དང་རྩྭ་ཐང་དུ་ཁྱབ་ནས་ཐག་རིང་ལུང་ཁུག་གི་གྲོང་གསེབ་དང་ཕྱི་ཕྱོགས་དབར་འབྲེལ་མཐུད་དམ་ཟབ་ཐུབ་ཡོད།
ནུས་འདུས་ཕྱོགས་སྒྱུར་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ།
རྒྱ་ཚ་རྫོང་དུ་གནས་པའི་བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་རང་བརྟེན་ངང་བསྐྲུན་པའི་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཕྲ་རབ་ཐོན་ཁུངས་མཛོད་དང་དེ་བཞིན་རྒྱལ་ནང་གི་ས་མཐོའི་ཐོན་སྐྱེད་བརྒྱུད་རིམ་དང་པོར་བརྟེན་ནས། འབུ་ཕྲའི་རིགས་གདམ་གསེས་བྱེད་པ་ནས་འབོར་ཐོན་བྱེད་པའི་བར་གྱི་འཁོར་འབྲེལ་ཧྲིལ་པོ་རང་ཡུལ་ཅན་གྱི་བཀོད་པ་མངོན་འགྱུར་བྱུང་སྟེ་བོད་ཀྱི་སྐྱེ་དངོས་ཐོན་ལས་ཁྱབ་ཁོངས་ཐད་ཀྱི་སྟོང་ཆ་བསྐངས་ཡོད། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་ལ། ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བའི་ལོ་བཅུའི་རིང་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་བའི་དཔེ་མཚོན་ངོ་མ་ཞིག་ཀྱང་ཡིན།
ལོ་ངོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ས་མཐོའི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ནས་ཐོན་ལས་ཐད“ཕྱོགས་གཅིག་ལ་ཤུགས་རྒྱག་པ”ནས“སྣ་མང་འདེགས་སྐྱོར་བྱེད་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ཞིང་། བོད་བྱ་དང་། བོད་ཕག སྟར་ཁ། རྒུན་འབྲུམ་སོགས་ཁྱད་ལྡན་ཐོན་རྫས་རིམ་བཞིན་ཐོན་ནས། ཐོན་ལས་དང་པོའི་འཕར་ཐང་2015ལོའི་སྒོར་དུང་ཕྱུར་5.14ནས་2025ལོའི་སྒོར་དུང་ཕྱུར་21.12བར་འཕར་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་ཀ་རྟེན་ཐོན་ལས་སུ་གྱུར་ནས་གྲོང་ཁྱེར་དེ་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་592ཟིན་པ་དེས་ལྗོངས་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་པ་དང་། ནོར་བུ་ས་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རིར་བདམས་པ་དང་། བོད་ལྗོངས་མདོ་ལ་རིང་མོའི་ཨར་འདམ་བཟོ་གྲྭ་དང་ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་སོགས་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། སྲོལ་རྒྱུན་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་དང་གསར་དར་ཐོན་ལས་མགྱོགས་མྱུར་དར་རྒྱས་བྱུང་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་148.71ཟིན་པ་དེ་2015ལོ་ལས་ལྡབ་3ཙམ་འཕར་ཡོད།
ཞབས་ཞུའི་ལས་རིགས་དེ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པ”ཞིག་ཏུ་གྱུར་ཞིང་། “ལྷ་མོའི་གྲོང་ཚོ་དང་པོའི”མཚན་སྙན་ལྡན་པའི་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་གྲོང་མིས་གཉེར་བའི་དམངས་སྲོལ་གནས་ཚང་85བར་མང་དུ་ཕྱིན་ནས་ཉལ་ཁྲི་744ཟིན་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་ནས་སྡེ་ཁུལ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་179བྱུང་ཡོད། “ཁྱིམ་གྱི་སྒོ་རྩ་ནས་ས་ཕྱོགས་ཁག་གི་ཡུལ་སྐོར་བར་སྣེ་ལེན་ཞུས་ཚེ་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ་པ་མ་ཟད། ད་དུང་ལྷ་མོའི་རིག་གནས་རྒྱུན་འཛིན་ཡང་བྱེད་ཐུབ”ཅེས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པའི་སྡེ་ཁུལ་གྱི་གྲོང་མི་གཡང་འཛོམས་ཀྱིས་མྱོང་ཚོར་ཟབ་མོས་བཤད།
ལོ་བཅུའི་རིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་ལས་གསུམ་གྱི་འཕར་ཐང་སྒོར་དུང་ཕྱུར་44.79ནས་སྒོར་དུང་ཕྱུར་161.97བར་འཕར་བ་དང་། འཁོར་གཏོང་ཡུལ་སྐོར་དང་། གསར་བརྗེའི་གནའ་ཤུལ་ཡུལ་སྐོར། ལུས་གསོའི་ཡུལ་སྐོར་སོགས་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་འཛད་སྤྱོད་རིམ་སྤོར་གྱི་རྣམ་པ་ཡར་ཀླུང་ས་གཞི་ཆེན་པོར་རིམ་གྱིས་མངོན་ཡོད།
དམངས་འཚོར་བརྩེ་སེམས་བཅངས་ནས་འཕེལ་རྒྱས་ཀྱི་རྨང་གཞི་མངོན་པ།
ལོ་བཅུའི་རིང་། ལྷོ་ཁའི་དམངས་འཚོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་དྲང་གཞག་ཐོབ་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་རྗེས། གྲོང་གསེབ་དར་རྒྱས་ཀྱི་དུང་བརྡ་གྲགས་ཤིང་། 2024ལོར་ཟངས་རི་རྫོང་གི“མཉམ་སྡེབ་གནས་སྤོ”ཞིག་ལས་སྲིད་འཛིན་གྲོང་ཚོ་ལྔའི་མང་ཚོགས་ཀྱི་འཚོ་བའི་ལམ་བུར་རྦད་དེ་འགྱུར་ལྡོག་བྱུང་ཡོད། གྲོང་གསེབ་དར་རྒྱས་དང་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དང་དེ་བཞིན་གྲོང་མིའི་རང་གྲབས་དངུལ་བསྡུ་སྒྲིལ་བྱས་ཏེ་ཨེ་ཆུང་སོགས་གྲོང་ཚོ་5ཡི་དུད་ཚང་200དང་གྲོང་མི་800རི་སྐེད་དུ་ཡོད་པའི་ཁང་པ་རྙིང་པ་ནས་རྫོང་གྲོང་ཉེ་འགྲམ་གྱི་བྲག་དཀར་གྲོང་གསར་དུ་སྤོས་ཡོད།
མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་སུ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་189བསྐྲུན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2015ལོའི་སྒོར་8991ནས་2025ལོའི་སྒོར་24990བར་འཕར་ཏེ་བདེ་སྡོད་ལས་བརྩོན་བྱ་རྒྱུ་དེ་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་གཏོང་བའི་རྨང་གཞི་ཡག་ཤོས་ཤིག་ཏུ་གྱུར་ཡོད།
སློབ་གསོ་དང་། སྨན་བཅོས། རིག་གནས་བཅས་མཉམ་དུ་འཕེལ་རྒྱས་བཏང་བས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རིམ་བཞིན་མཐོ་རུ་ཕྱིན་ཡོད། སློབ་གྲྭ་རིགས་ཁག་293ནས་467བར་མང་དུ་ཕྱིན་ཏེ་སློབ་ཞུགས་གོང་ནས་དམིགས་བསལ་སློབ་གསོའི་བར་ཁྱབ་པའི་དེང་རབས་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་ཆགས་པ་དང་། ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྨས་སྐྱོན་ལྟེ་གནས་དང་རང་སྐྱོང་ལྗོངས་རིམ་པའི་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་དང་པོ་དེ་ལྷོ་ཁར་བསྐྲུན་པ། ཤང་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་ཞུ་ཐུབ་པ་དང་གྲོང་མིའི་སྤྱི་པའི་འཕྲོད་བསྟེན་དོ་དམ་ཨུ་ལྷན་ཡོངས་ལ་ཁྱབ་པ། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས“མིག་དཔེ་བརྩོན་ལེན་དང་མདུན་གྲལ་དུ་སྐྱོད་པའི”གཟི་བརྗིད་ལྡན་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་དངོས་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།