“ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས”
“དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད” ཟླ་7ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ནན་བཤད་འདི་ལྟར་གནང་ཡོད།
“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དེ་མཐར་གཏུགས་ན་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་དོན་འཁྱོལ་བྱེད་དགོས” ཟླ་6ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། “རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཞབས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་ཁོང་ཚོའི་དཀའ་གནད་སེལ་བ་བཅས་བྱས་ཏེ། མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས”ཞེས་གསུངས་ཡོད།
སྤྱོད་ཚུལ་བཟང་པོར་བརྟེན་ནས་ནུས་སེམས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་བྱེད་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་མཚོན་ཡོད།
“གུང་ཁྲན་ཏང་མི་ནི་དངོས་གཙོ་རིང་ལུགས་པ་ཞིག་ཡིན་པ་དང་དངོས་སྒྲུབ་ནི་ངེས་པར་དུ་ལྡན་དགོས་པའི་གཤིས་རྒྱུད་ཅིག་ཡིན་པས། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས” 2025ལོའི་ཟླ་12པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་འདི་ལྟར་གནང་ཡོད།
གོ་བདེ་ཚིག་ནན་གྱི་བཀའ་མོལ་དེ་ཐོག་ནས་མི་དམངས་ཀྱི་གཙོ་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་མི་དམངས་ཀྱི་ལངས་ཕྱོགས་དང་། ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ཆོད་སེམས་བློ་སྟོབས་དང་འགན་འཁྲི་འཁུར་སེམས་བཅས་མཚོན་ཡོད་ལ། རྒྱལ་སྐྱོང་སྲིད་འཛིན་གྱི་ངོས་འཛིན་སྨྲ་བ་དང་། བརྟག་ཐབས་སྨྲ་བ། ལག་ལེན་སྨྲ་བ་བཅས་འདུས་ཡོད།
དངོས་ཐོག་བདེན་འཚོལ་ནི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་ཞིག་ཡིན་ཞིང་། དེ་ལས་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མངོན་བཞིན་ཡོད།
དངོས་ཐོག་བདེན་འཚོལ་ནི་མར་ཁེ་སི་རིང་ལུགས་ཀྱི་སྙིང་བཅུད་ཡིན་ཞིང་། མཐའ་དག་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ནི་ང་ཚོས་གནད་དོན་ལ་བསམ་གཞིག་དང་། ཐབས་ཇུས་འདོན་པ། བྱ་གཞག་སྒྲུབ་པ་བཅས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། 2024ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། “ལས་དོན་གང་ཞིག་ལ་དམ་འཛིན་དང་མང་ཚོགས་ལ་བྱ་བ་གང་ཞིག་སྒྲུབ་སྐབས་དངོས་ཐོག་བདེན་འཚོལ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
2019ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། “མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་ཐོག་མར་བཏོན་གནང་ཡོད།
2023ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མིན་ཧང་ཆུས་ཀྱི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་དུ་རྟོག་ཞིབ་གནང་སྐབས། སྔ་རྗེས་སུ་སྡེ་ཁུལ་གྱི་སྡོད་ཁང་དང་ཉལ་ཁང་རྣམ་པའི་བོགས་གཏོང་ཁང་པ་གླ་མཁན་གྱི་ཉལ་ཁང་དང་། སྤྱི་པའི་ཐབ་ཚང་། སྤྱི་པའི་གོས་འཁྲུད་ཁང་སོགས་སུ་ཕེབས་ནས། དེ་གར་སྡོད་མཁན་གྲོང་ཁྱེར་གྱི་འཐབ་ས་དང་པོའི་ལས་དོན་པའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། “གྲོང་ཁྱེར་ལ་དེང་རབས་ཅན་གྱི་རྣམ་པ་དགོས་ལ། དམངས་འཚོ་འགན་ལེན་གྱི་བྱེད་ཐབས་ཀྱང་ཡོད་དགོས”ཞེས་ནན་བཤད་གནང་ཡོད།
དམངས་འཚོའི་འདུ་འགོད་ལས་མི་དམངས་ཀྱི་ལངས་ཕྱོགས་མཚོན་ཞིང་། 2025ལོའི་ཟླ་9པར། དུད་ཚང་ཁྲི་1.4ལྷག་ཙམ་གྱི“ཆབ་ཏོག”སྒྱུར་བཀོད་ལས་འགན་སྔ་སྣུར་དུ་ལེགས་གྲུབ་ཟིན་ནས། ཧྲང་ཧའེ་ཡིས“ཆབ་ཏོག”འཁྱེར་བའི་ལོ་རྒྱུས་མཇུག་འགྲིལ་བ་དང་གྲོང་མི་ཁྲི་བརྒྱ་ལྷག་ཙམ་དང་འབྲེལ་བའི“འགག་སྒྲོལ་དམག་འཐབ”ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
ཧྲང་ཧའེ་རུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་གིས“སྡེ་ཁུལ་རྙིང་པའི་སྒྱུར་བཀོད་ལ་ངེས་པར་དུ་སྐུལ་འདེད་ཧུར་ཐག་བཏང་སྟེ། མི་སེར་ཚོ་ཁང་པ་གོག་ཧྲུལ་དེ་འདྲའི་ནང་འཚོ་བ་སྐྱེལ་དུ་འཇུག་མི་རུང”ཞེས་གསུངས་ཡོད། ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱ་བ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་གྲོང་ཁྱེར་གྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པས་དཀའ་ཚེགས་ཇི་ཙམ་ཆེ་ན་ཡང་ཐབས་བརྒྱ་ཇུས་གཏོང་གིས་ཐག་གཅོད་བྱེད་དགོས”ཞེས་སླར་ཡང་ནན་བཤད་གནང་ཡོད།
དམ་པ་དོན་གཉེར་ཐད་ཚན་རིག་དང་མཐུན་པའི་ཐབས་ཤེས་ལས་ཡུལ་བབ་དང་བསྟུན་པའི་ཐབས་ལམ་གྱི་གདམ་ག་མངོན།
“ཡུལ་བབ་དང་བསྟུན་པའི་ངོ་བོ་ནི་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེ་ཡིན”དམ་པ་དོན་གཉེར་བྱེད་པར་རྙོག་འཛིང་ཆེ་བའི་དོན་དངོས་མང་པོའི་ཁྲོད་ནས་ཆོས་ཉིད་མཐིལ་རྟོགས་དང་རྩ་བརྟག་གནད་སྨིན་ཐུབ་པ་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་འུར་ཐེངས་གཅིག་ལ་བྱེད་མི་རུང་བ་དང་སྐྱེ་ཁམས་ཉམས་ཞན་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པར“ནགས་ལས་འཚམ་སར་ནགས་ལས་དང་། རྩྭ་འདེབས་འཚམ་སར་རྩྭ་འདེབས། བྱེ་བཅོས་འཚམ་སར་བྱེ་བཅོས། ཐང་རྒོད་འཚམ་སར་ཐང་རྒོད”བཅས་བྱེད་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར“ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་གནས་གཏན་འཁེལ། ཆུ་ལ་བརྟེན་ནས་མི་གཏན་འཁེལ། ཆུ་ལ་བརྟེན་ནས་ཐོན་ལས་གཏན་འཁེལ”བཅས་བྱེད་དགོས། འགག་རྩ་ནི་ཆོས་ཉིད་ལ་བརྩི་འཇོག་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་དགོས།
2025ལོའི་ལོ་མཇུག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་དམངས་འཚོའི་དོན་ཆུང་སྐོར་གླེང་སྐབས“ལྷོ་བྱང་དབར་ཧེ་བག་ཆེན་པོ་དེ་འདྲ་ཡོད་པས་གསང་སྤྱོད་སྒྱུར་བཀོད་ཀྱི་བྱེད་ཐབས་གཅིག་མཚུངས་བྱས་ན་འགྲིག་གམ། མི་མེད་ལུང་སྟོང་དུ་ཁྱིམ་ཚང་མང་པོ་མེད་པས་ཚད་ལྡན་གསང་སྤྱོད་རྒྱག་པའི་དགོས་པ་ཡོད་དམ། དམངས་སེམས་ཀྱི་འདུ་འགོད‘དམངས་ཀྱིས་འཁང་ར་བྱེད་པའི་འདུ་འགོད’ལ་འགྱུར་མི་རུང”ཞེས་གསུངས་ཡོད།
“དབྱི་ཝུའུ་ཡིས་ཚོང་ཟོག་ཆུང་གྲས་ལ་བརྟེན་ནས་ཁྲོམ་ར་ཆེན་པོ་བཏོད་པ་དང་ཐོན་ལས་ཆེན་པོར་གྱུར་ཏེ‘དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང’གྲུབ་པ་དེ་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་ཡོད། ལོ་དེར་ཀྲེ་ཅང་དུ་བློ་མཐུན་ཞི་ཅིན་ཕིང་གིས“འཚར་ལོངས་མགྱོགས་པའི་བྱིས་པར་གྱོན་གོས་ཆེན་པོ་ཞིག་བརྗེས་དགོས”ཞེས་པའི་གསོན་ཉམས་དོད་པའི་དཔེ་ལས་དུས་བསྟུན་མདུན་སྐྱོད་དང་སྟབས་བསྟུན་འཕེལ་རྒྱས་ཀྱི་ཆོས་ཉིད་གསར་པ་བརྗོད་ཡོད། ད་ཆ“ཐབས་གཅིག་གིས་བྱ་གཞག་གཏོད་པའི”དཔེ་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་བྱ་གཞག་སྒྲུབ་པ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པའི་བར་དབྱི་ཝུའུ་ཡིས“ཞན་ཆ”དེ“ལེགས་ཆར”བསྒྱུར་ཡོད།
དངོས་འཛིན་དངོས་སྒྲུབ་ཀྱིས་ལག་ལེན་གྱི་དོན་ལ་བབས་ས་གཏན་འཁེལ་བྱས་པ་ལས་དམངས་ཆེད་འགན་འཁྲི་འཁུར་བའི་དམིགས་ཚད་དོན་གཉེར་མངོན།
དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་ནི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཕན་འབྲས་དངོས་སུ་སྒྱུར་བའི་ཐབས་ལམ་ཡང་དག་ཅིག་རེད། “དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་དངོས་སྒྲུབ་ལ་བརྟེན་དགོས་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཡང་དངོས་སྒྲུབ་ལ་བརྟེན་དགོས”
དོན་འཁྱོལ་དམ་འཛིན་བྱ་རྒྱུ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི“རྡོ་ཀ་ཤུ་ཁ”ལྟ་བུ་ཡིན། “དོན་འཁྱོལ་དམ་འཛིན་བྱེད་བསམ་མིན་དང་། དོན་འཁྱོལ་དམ་འཛིན་བྱེད་ཕོད་མིན། དོན་འཁྱོལ་དམ་འཛིན་བྱེད་ཤེས་མིན་བཅས་ཀྱིས་ང་ཚོའི་བྱ་སྤྱོད་ལ་ཞིབ་བཤེར་དང་ང་ཚོའི་འཇོན་ཐང་ལ་ཚོད་བགམ་བྱེད་བཞིན་ཡོད”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲི་ཆུའི་ཉ་རྒྱ་སྡོམ་པ་ནི་ཕྱོགས་ཡོངས་ལ་བསམ་ཤེས་བྱེད་པ་དང་བུ་རབས་ཚ་རྒྱུད་ལ་ཕན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན” 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལོ་བཅུའི་རིང་འབྲི་ཆུའི་ཉ་རྒྱ་སྡོམ་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཉ་པ་ཁྲི་23.1ལས་ཞུགས་གཞན་སྒྱུར་བྱས་ཤིང་། ལོ་ཤས་རིང་། འབྲི་ཆུར་ཉ་རིགས་སྣ་ཁ་43མང་དུ་ཕྱིན་པ་དང་ཆུ་ཕག་1400ལྷག་ཙམ་བར་སླར་གསོ་ཐུབ་ཡོད། བཀག་སྡོམ་བྱེད་པ་ནི་འཕྲལ་བདེ་འཕྲལ་ཕན་བྱེད་པ་ཞིག་དང་ལམ་ལུགས་འཛུགས་པ་ནི་ཕྱི་རབས་ལ་ཕན་པ་ཞིག་ཡིན་པས་དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་ནི་འབོད་ཚིག་ཅིག་མིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། “ཚོགས་ཡིག་གཉིས་མང”འདོར་བ་དང“སོར་རྩེའི་རྙོག་དྲ”བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་སྟེ། ལས་བྱེད་པའི་སེམས་ནུས་དེ་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་སྤྱོད་ཐུབ་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་སྣེ་ཁྲིད་བྱས་ནས་དངོས་སྒྲུབ་ལ་གཙིགས་ཆེན་དང་ཕན་འབྲས་དངོས་དོན་གཉེར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་ཡོད།
རྒྱང་ལམ་གསར་པ་ནི་གཟི་བརྗིད་ལྡན་ལ་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་ཞིག་ཡིན་པས་ལོ་རྒྱུས་ཀྱིས་དངོས་སྒྲུབ་མཁན་གྱི་རེ་བ་ཆུད་ཟོས་སུ་གཏོང་མི་སྲིད། “ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་འདས་དོན་བཏོད་ཡོད་ལ། ད་དུང་དངོས་སྒྲུབ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས”“ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་སུ་འབད་འཐབ་བྱེད་རིང་། གོམ་པ་བརྟན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་འཆར་གཞི་དོན་དངོས་སུ་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།