དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    བདེན་པ་བདེན་ཐུབ་ཀྱིས་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-15

    མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དེ་འགག་རྩའི་དུས་སྐབས་སུ་བསླེབས་ཡོད། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དག་ཐེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། བདེན་པ་བདེན་ཐུབ་ཀྱིས་གནད་དོན་ཐག་གཅོད་བཅས་བྱས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ལས་རྗེས་ཧུར་ཐག་གཏོད་བཞིན་ཡོད་པ་རེད།

    དག་ཐེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ།

    “གོང་རིམ་གྱི་དཔྱད་ཞིབ་དམིགས་ཚད་ཁོ་ནར་ལྡིར་ནས་མ་བསྡད་པར‘བཤེར་དམིགས་ཚད་ལོན’དམིགས་ཡུལ་དུ་བྱས་ཏེ‘གྲངས་གཞི་ཡག་པོ་དང་། འདྲ་བཅོས་མཛེས་བཟོ། མང་ཚོགས་ལ་ཚོར་སྣང་མེད་པ’བཅས་ཀྱི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས”ཞེས་ཉིན་ཤས་གོང་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཤིས་ཞ་རྫོང་གི་ཏང་ཡོན་ལས་བྱེད་པ་ཞིག་གིས་སློབ་སྦྱོང་བགྲོ་གླེང་ནང་ཞུགས་སྐབས་མྱོང་ཚོར་ཟབ་མོས་བརྗོད།

    སློབ་སྦྱོང་སློབ་གསོ་སྤེལ་རིང་། ཤིས་ཞ་རྫོང་གིས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གྱོད་དཔེ་བེད་ཡག་པོ་སྤྱད་དེ་ཅའོ་ཡུས་ལུའུ་དང་ཀུའུ་ཝུན་ཁྲང་སོགས་དྲང་ཕྱོགས་ཀྱི་དཔེ་མཚོན་ལ་སློབ་སྦྱོང་བྱས་པ་མ་ཟད། “ངོ་སོའི་འདུ་འགོད”སོགས་ལྡོག་ཕྱོགས་ཀྱི་གྱོད་དཔེ་བརྡ་ཁྱབ་བཏང་སྟེ། ཏང་གཤིས་ཐད་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་ནས་བཤེར་བ། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་ཀྱི་ཡོད། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་ཚུལ་མིན་གྱི་དཔྱད་ཞིབ་དོན་ཚན་གཙང་བཤེར་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པའི་ཐད་འཇོག་ཐུབ་པ་བྱས་ཡོད།

    ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཁྲུང་རེན་རྫོང་གི་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་བཟོ་པ་ཚོས་རྒན་འཕྲོད་སྒྱུར་བཀོད་ཀྱི་སྒྲིག་ཆས་དུས་ཚོད་དམ་འཛིན་གྱིས་བསྒར་བཞིན་ཡོད་པ་རེད། དེ་ཡང་རྫོང་གིས་ཆེད་དངུལ་བཏང་ནས་ལྟེ་གནས་ཀྱི་སྒྱུར་བཀོད་རིམ་སྤོར་ལ་འགན་ལེན་བྱས་ཤིང་། སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲུང་རེན་རྫོང་གིས་དཔེ་མཚོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ“གཞི་ཁྱོན་ལ་སྣང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པ་དང་། མ་འཇོག་ལ་སྣང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པའི”ཡོ་ཁྱད་ཀྱི་སྲིད་དོན་ལས་རྗེས་ལྟ་བ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས། དམངས་འཚོའི་རྣམ་གྲངས་སྔོན་ལ་འགན་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ནོར་ཤུགས་གནད་སྨིན་སྤྱོད་པ་དང་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་ཐད་སྤྱོད་ཐུབ་པ་བྱས་ཡོད།

    ལམ་ལུགས་དང་སྒྲིག་ལམ་ཡག་པོ་བཟོ་བ།

    “གཞི་ནས་ཁང་པའི་བདག་དབང་ལག་ཁྱེར་རག་བྱུང་བས་སེམས་ནང་གི་རྡོག་ཁྲེས་ལྗིད་པོ་ཞིག་མར་ཕབ་སོང”ཞེས་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧོང་གྲོང་ཁྱེར་ཧྥུང་ཧོང་ཀུའུ་ཁུལ་ཆུང་གི་དོ་བདག་ལི་ལགས་ཀྱིས་བཤད། སློབ་སྦྱོང་སློབ་གསོ་སྤེལ་རིང་འབྲེལ་ཡོད་སྡེ་ཚན་གྱིས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་རང་འགུལ་ངང་རྩིས་བླངས་པ་དང་། ཏང་ཡོན་ལས་བྱེད་པས“གཅིག་གཏད་གཅིག”གིས་གནད་དོན་ཡོད་པའི་ཚོང་འགྲེམས་ཁང་པའི་དོ་བདག་ལ་དམིགས་འཛུགས་འབྲེལ་གཏུག་དང་ཕྱོགས་ཡོངས་ནས་འགན་བླངས་ནས“ཚོང་འགྲེམས་ཁང་པ་གཅིག་ལ་ཇུས་གཞི་གཅིག”གི་ཐག་གཅོད་ཇུས་གཞི་བཟོས་ཏེ། ཁང་པ་ཉོ་མཁན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་པ་རེད།

    ཤིས་ཧྲོང་པན་ན་ཀྲོའུ་ཡིས་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ནས། ཀྲོའུ་ཡིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོར་ལས་གནས་འགྱུར་ལྡོག་བྱུང་སྐབས་རྩིས་སྤྲོད་རྩིས་ལེན་གྱི་དོ་དམ་བྱ་ཐབས་འཚོལ་ཞིབ་དང་སྦྲགས་ཚོད་ལྟ་བྱས་ཏེ། རྩིས་སྤྲོད་རྩིས་ལེན་གྱི་གནས་ཚུལ་དང་། དོན་ཚན། གོ་རིམ། ལས་ཀའི་འགན་འཁྲི་བཅས་ཁ་གསལ་བཟོས་ནས། ལས་གནས་འགྱུར་བའི་སྡེ་ཚན་གྱི་འགོ་གཙོ་དང་པོར་ཆེད་མངགས་དྲན་སྐུལ་བྱས་པ་དང་། ལས་དོན་དང་གནད་དོན་གལ་ཆེན་རྩིས་སྤྲོད་རྩིས་ལེན་གྱི་གསལ་ཐོ་བཟོས་ནས། “དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི”གནས་ཚུལ་སྔོན་འགོག་བྱེད་ཀྱི་ཡོད་པ་རེད།

    ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཕིང་དབྱང་རྫོང་གིས་སྲིད་དོན་ལས་རྗེས་ལ་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། དཔལ་འབྱོར་དར་རྒྱས་ཆེ་བའི་ཤང་གྲོང་དང་རི་ཁུལ་དུ་གནས་པའི་ཤང་གྲོང་དུ་དཔྱད་ཞིབ་དམིགས་ཚད་དང་གནས་ཚད་ཁག་དབྱེ་ནས་བཟོས་པ་དང་། དུས་བཀག་ལྟར་གཙོ་གནད་ལས་དོན་དང་། རྣམ་གྲངས་གལ་ཆེན། གཞི་རིམ་ལས་དོན་བཅས“འཐབ་ས་དང་པོ་གསུམ”ལ་ཆེད་དོན་བརྟག་ཞིབ་བྱེད་པ་དང་། རྩ་འཛུགས་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་ཐད་ཀར་ཞིབ་བཤེར་དང་དག་བཤེར་བྱས་ཏེ། ཡོ་ཁྱད་ཤོར་བའི་སྲིད་དོན་བྱས་རྗེས་ལྟ་བའི་གནད་དོན་ཡོད་རིགས་དུས་ཐོག་ཏུ་ཡོ་བསྲང་བྱེད་ཀྱི་ཡོད་པ་རེད།

    དམངས་ལ་བདེ་རྩ་སྐྲུན་པའི་དམ་བཅའ་འཇོག་པ།

    ཞོགས་པ་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཅིན་ཨན་ཆུས་ཧྲི་ཆའོ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཟུངས་ཁྲག་བསིང་བཅོས་ལྟེ་གནས་སུ་ནད་པ་མང་པོ་ཞིག་ཁ་ཆད་ལྟར་སྨན་བཅོས་བྱེད་པར་བསླེབས་ཡོད། སློབ་སྦྱོང་སློབ་གསོ་སྤེལ་རིང་། ཅིན་ཨན་ཆུས་ཀྱིས་དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི“འཇུག་སྒོ་ཆུང་ངུར”ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཤིང་། མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ། ས་ཁོངས་ཀྱི་སྨན་བཅོས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ཡོད།

    ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་གིས“ལས་བྱེད་པ་གཞི་རིམ་དུ་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་དང་དཀའ་ངལ་སེལ་བའི”བྱེད་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་ཞིང་ནང་དང་། ཁེ་ལས་ཀྱི་འཁོར་ཁང་། སྡེ་ཁུལ་གྱི་དྲ་མིག་བཅས་སུ་བསྐྱོད་དེ། ཡིག་སྐུར་ངོ་བཅར་ཞུ་མཁན་ལ་སྣེ་ལེན་དང་གཤམ་དུ་འཚམས་འདྲིར་སྐྱོད་པ། འདྲི་རྟོག་དང་བརྟག་ཞིབ་བྱས་ནས། ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་གཅིག་སྡུད་ཀྱིས་དམངས་ལ་ཕན་པའི་བྱ་བ་དངོས་ཁག་གཅིག་བསྒྲུབས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་དུ་སྐྱོད་སྐབས་ཐོག་སོ་ཉིས་ལྡན་གྱི་གྲོང་གསེབ་ཀྱི་སྐྱིད་སྣང་དོད་པའི་སྒོ་ར་ཞིག་ནང་རྒན་རྒོན་ཚོ་དགོད་སྒྲས་ཁེངས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན། ཁེར་སྡོད་རྒན་རྒོན་སོགས་ཀྱི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཁར། རྒན་གསོའི་ཞབས་ཞུའི་དགོས་མཁོར་དམིགས་ནས་རྒན་གསོའི་ཞབས་ཞུ་ལྟེ་གནས་དང་ཉིན་མོའི་ལྟ་སྐྱོང་ས་ཚིགས་སོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།