དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབྲེལ་ཡོད་རྒྱལ་ཁབ་ཀྱིས“ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་གཅོད”ཟེར་བ་བཏོན་ནས་ལོ་བཅུ་སོང་ཚུལ་འུད་སྒྲོག་བྱས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-15

    2026ལོའི་ཟླ་7ཚེས་12ཉིན། ཨ་རི་དང་། ཧྥི་ལི་ཕིན། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ། ཨེ་སོ་ནི་ཡ། འཇར་མན། དབྱི་ཐ་ལི། རི་པིན། ལ་ཐེ་ཝེ་ཡ། ལི་ཐུ་ཝན། ནེའུ་ཙི་ལན། རོ་མ་ནི་ཡ། སི་ལོ་ཝེ་ཉི་ཡ། དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས“ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་གཅོད་ལ་དྲན་གསོ་ཞུ”ཞེས་པའི་ལོ་བཅུའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུས་གསལ་བསྒྲགས་ནན་པོ་སྤེལ་བ་གཤམ་གསལ་ཏེ།

    གཅིག ཏུང་ཧྲ་གླིང་ཚོམ་དང་། ཤིས་ཧྲ་གླིང་ཚོམ། ཀྲུང་ཧྲ་གླིང་ཚོམ། ནན་ཧྲ་གླིང་ཚོམ་བཅས་ཚུད་པའི་ལྷོ་རྒྱ་མཚོའི་གླིང་ཚོམ་གྱི་བདག་དབང་ཀྲུང་གོར་དབང་བ་དང་། ཀྲུང་གོའི་ལྷོ་རྒྱ་མཚོའི་གླིང་ཚོམ་ལ་རྒྱལ་ནང་ཆུ་ཁོངས་དང་། མངའ་ཁོངས་རྒྱ་མཚོ། འབྲེལ་ཁུལ། ཆེད་གཏོགས་དཔལ་འབྱོར་ཁུལ། སྐམ་ས་ཆེ་མོའི་ས་སྒྲོམ་བཅས་ཡོད་པ། ལྷོ་རྒྱ་མཚོར་ཆ་མཚོན་ན་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་དབང་ཆ་ལྡན་ཡོད། ཀྲུང་གོར་དབང་བའི་ལྷོ་རྒྱ་མཚོའི་གླིང་ཚོམ་གྱི་བདག་དབང་དང་ལྷོ་རྒྱ་མཚོའི་འབྲེལ་ཡོད་ཁེ་དབང་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་གཏན་འཁེལ་བྱུང་བ་ཞིག་རེད། སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ཧན་ནུབ་མའི་དུས་སྐབས་ནས་ཀྲུང་གོའི་མི་དམངས་ཀྱིས་ལྷོ་རྒྱ་མཚོར་འགྲུལ་བཞུད་བྱས་པ་མ་ཟད། དུས་ཡུན་རིང་པོའི་ལག་ལེན་ནང་ལྷོ་རྒྱ་མཚོའི་གླིང་ཚོམ་རྙེད་ཡོད། ཀྲུང་གོས་ལྷོ་རྒྱ་མཚོའི་གླིང་ཚོམ་དང་འབྲེལ་ཡོད་མཚོ་ཁོངས་ལ་རྒྱུན་མཐུད་དང་། ཞི་བདེ། ནུས་ལྡན་བཅས་ཀྱི་སྒོ་ནས་བདག་དབང་དང་བདག་སྐྱོང་བྱེད་དབང་སྔ་ཤོས་སྤྱད་ཡོད། ལྷོ་རྒྱ་མཚོའི་གླིང་ཚོམ་ཀྲུང་གོར་དབང་བ་དེ་སྔ་ས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    གཉིས། ལྷོ་རྒྱ་མཚོ་ནི་འཛམ་གླིང་ཐོག་བདེ་འཇགས་ཆེ་ཤོས་ཀྱི་མཚོ་ཐོག་བགྲོད་ལམ་གྱི་གྲས་ཤིག་ཡིན་པ་དང་། ལྷོ་རྒྱ་མཚོའི་མཚོ་འགྲུལ་དང་འཕུར་སྐྱོད་རང་དབང་ཐད་ལ་གནད་དོན་གང་ཡང་བྱུང་མྱོང་མེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་དང་བློ་བརྟན་འགྱུར་མེད་ངང་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོར་བཙན་གནོད་དང་འཁྲུག་རྐྱེན་སློང་བར་དམིགས་ནས། ཀྲུང་གོས་བྱེད་ཐབས་ནན་པོ་སྤྱད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱས་པ་དེ་ལུགས་མཐུན་གྱི་ཁྲིམས་མཐུན་དང་ཆེད་ལས་ཀྱི་ཚད་དང་ལྡན་པ་ཞིག་ཡིན་ལ་བཟོད་སྒོམ་བྱས་པ་ཞིག་ཀྱང་ཡིན། ཨ་རི་སོགས་ས་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོར་རྒྱུན་མཐུད་དམག་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕུ་དཀྲུག་མདའ་དཀྲུག་བཟོས་པ། ངན་སྐུལ་དཀྲུག་ཤིང་བརྒྱབ་པ་བཅས་ཀྱི་དམག་དོན་ཅན་དང་བཙན་ཤེད་རང་བཞིན་གྱི་བྱེད་སྤྱོད་དེ་རིགས་ནི་མིག་སྔར་ལྷོ་རྒྱ་མཚོའི་དུས་བབ་ལ་འཕྲད་པའི་འགྲན་སློང་གཙོ་བོ་དེ་རེད།

    གསུམ། སྐམ་སའི་མངའ་ཁོངས་ཀྱི་གནད་དོན་དེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ལེགས་སྒྲིག་ཁྱབ་ཁོངས་སུ་གཏོགས་ཀྱི་མེད། 2006ལོར་ཀྲུང་གོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ཀྱི་དོན་ཚན་298པའི་ནང་སྤེལ་བའི་གསལ་བསྒྲགས་གཞིར་བཟུང་། རྒྱ་མཚོའི་ས་མཚམས་དབྱེ་བའི་རྩོད་གཞི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ཀྱི་བཙན་ཤེད་ཀྱིས་རྩོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནས་ཕུད་ཡོད། མངའ་ཁོངས་ཀྱི་གནད་དོན་དང་རྒྱ་མཚོའི་དབྱེ་མཚམས་ཀྱི་རྩོད་གཞིའི་ཐད་ཀྲུང་གོར་བཙན་འགེལ་བྱས་པའི་རྩོད་གཞི་ཐག་གཅོད་ཀྱི་ཇུས་གཞི་གང་ཞིག་ཡིན་རུང་ཀྲུང་གོས་དང་ལེན་བྱེད་ཀྱི་མིན། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་དེ་བཞིན་ཞི་བའི་ངང་རྩོད་གཞི་ཐག་གཅོད་བྱེད་པའི་རྩ་དོན་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་མུ་མཐུད་བརྩི་སྲུང་ཞུ་རྒྱུ་མ་ཟད། ཐད་ཀའི་འབྲེལ་ཡོད་དོ་བདག་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་གྲོས་མོལ་བྱས་ནས་ལྷོ་རྒྱ་མཚོའི་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱས་ཏེ། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན།

    བཞི། “ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི”གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ཁ་གསལ་ལ་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད། “ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི”དེ“རྒྱལ་ཁབ་ཀྱི་མོས་མཐུན་ཐོབ་དགོས་པ”དང“ཁ་ཆད་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ”སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལས་འགལ་བ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ལས་འགལ་བ་མ་ཟད། ལྷོ་རྒྱ་མཚོའི་གཞི་རྩའི་དོན་དངོས་ལས་དེ་བས་འགལ་ཡོད། “ཁྲུན་གཅོད”ཟེར་བ་ནི་ཁྲིམས་དང་མི་མཐུན་པ་དང་། གོ་མི་ཆོད་པ། འཆུན་འདོམས་ནུས་པ་མེད་པ་བཅས་ཀྱི་ཤོག་སྙིགས་ཤིག་རེད། ཀྲུང་གོས“ཁྲུན་གཅོད”དེ་དང་ལེན་བྱེད་ཀྱི་མིན་ལ་ཁས་ལེན་ཡང་བྱེད་ཀྱི་མིན། ད་དུང“ཁྲུན་གཅོད”དེར་གཞིགས་ནས་སྤེལ་བའི་འདོད་ཚུལ་དང་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱ་རྒྱུ་དང་སྦྲགས་དང་ལེན་ཡང་བྱེད་ཀྱི་མིན། ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་གི་གནས་ཚུལ་གང་ཞིག་འཕྲད་རུང“ཁྲུན་གཅོད”དེས་ཀྲུང་གོར་ཤུགས་རྐྱེན་ཐེབས་མི་སྲིད།

    ལྔ། “ཁྲུན་གཅོད”བཏོན་ནས་ལོ་བཅུ་སོང་རུང་། རྒྱ་མཚོ་དང་འབྲེལ་བ་ཡོད་པའི་ཀྲུང་ཧྥིའི་གནད་དོན་ཐག་གཅོད་ཐུབ་མེད་པར། དེ་ལས་ལྡོག་སྟེ་ཧྥི་ལི་ཕིན་གྱིས་མངའ་ཁོངས་རྒྱ་མཚོ་རྒྱ་སྐྱེད་གཏོང་བ་འབོད་ལེན་བྱེད་པའི་ལག་ཆར་གྱུར་ནས་ས་ཁུལ་གྱི་འགལ་ཟླ་ཛ་དྲག་ཏུ་ཕྱིན་པ་མ་ཟད། ས་ཁོངས་ཕྱིའི་ཕྱོགས་གཏོགས་ལ་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་དང་ལྷོ་རྒྱ་མཚོའི་དུས་བབ་ཟང་ཟིང་བཟོ་བར་ཁ་གཡར་ས་བྱུང་ནས། ཀྲུང་ཧྥིའི་འབྲེལ་བ་དང་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི“བཀག་རྡོ”ཞིག་ཏུ་གྱུར་ཡོད། གལ་ཏེ“ཁྲུན་གཅོད”ཀྱི་ཚད་གཞི་ལྟར་བྱས་ཚེ། རྒྱལ་ཁབ་མང་པོའི་མཚོ་གླེར་རྒྱ་མཚོའི་ཁེ་དབང་གི་འདོད་ཚུལ་བརྗོད་པའི་གཞི་འཛིན་ས་མེད་པར་འགྱུར་རྒྱུ་རེད། འོ་ན“ཁྲུན་གཅོད”ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གཅིག་གིས་རང་རྒྱལ་ཁབ་ཀྱི་དེ་མཚུངས་ཀྱི་མཚོ་གླེའི་རྒྱ་མཚོའི་ཁེ་དབང་རང་མོས་ངང་བློས་བཏང་ཡོད་དམ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཁྲིམས་འགལ་གྱི“ཁྲུན་གཅོད”རྒྱུན་མཐུད་འུད་སྒྲོག་བྱས་པ་དེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གི་འཕེལ་ཕྱོགས་ཆེན་པོ་དང་མི་མཐུན་པ་མ་ཟད། དར་རྒྱས་གོང་འཕེལ་དོན་གཉེར་བྱེད་པའི་ས་ཁུལ་གྱི་རྒྱལ་ཁབ་དང་མི་དམངས་ཀྱི་འདུན་པ་དང་རྒྱབ་འགལ་དུ་སོང་བས་དེའི་རེ་ངན་འགྲུབ་མི་སྲིད། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ལ་ཀྲུང་གོ་ཕྱོགས་ཀྱི་ལྷོ་རྒྱ་མཚོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ། ལྷོ་རྒྱ་མཚོའི་གནད་དོན་ཐད་རྙོག་དྲ་བཟོ་མཚམས་འཇོག་པ་དང་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཚམས་འཇོག་པའི་ལྕག་སྐུལ་བྱ་རྒྱུ་ཡིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།