དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལ་བརྟེན་ནས་སྔོ་ལྗང་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་མོང་། ཧྲེན་ཧྲའོ་ཐེ། དབྱིན་ཅེ།   |     སྤེལ་དུས།  2026-07-15

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་བརྙན་ཤེལ་ཐོག་ལྟ་ཞིབ་ཚད་ལེན་ས་ཚིགས་བཅུ་གྲངས་ཀྱི་དུས་ཐོག་གི་པར་རིས་རིམ་པས་སྟོན་བཞིན་ཡོད། ལས་དོན་མི་སྣས་བྱི་རྟགས་མནན་ཙམ་བྱས་ཚེ་ལེ་དབར་སྟོང་གི་སའི་སྐྱེ་ཁམས་གནས་ཚུལ་སྟབས་བདེ་པོར་མཐོང་ཐུབ། “ཡུལ་ཤུལ་ཆུ་འགོའི་སྐར་ཁུང”ཞེས་འབོད་པའི་རྒྱང་ཁྲིད་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་དེ་གཙང་གསུམ་ཆུ་འགོ་སྲུང་སྐྱོང་གི་ཚན་རྩལ་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

    ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཁྲེན་རུང་གིས“ཕྱིར་སྐྱོད་མི་དགོས་པར་ཆུ་འགོ་མཐོང་ཐུབ”ཅེས“ཡུལ་ཤུལ་ཆུ་འགོའི་སྐར་ཁུང”ལས་བྱུང་བའི་འགྱུར་ལྡོག་སྐོར་བརྗོད། 2019ལོ་ཚུན་དུ་ཡུལ་ཤུལ་ཀྲོའུ་ཡིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3300ལྷག་ཙམ་བཏང་ནས“ཡུལ་ཤུལ་ཆུ་འགོའི་སྐར་ཁུང”གི་སྐྱེ་ཁམས་ཁོར་ཡུག་གི་ལྟ་འདོམས་ལས་སྟེགས་བསྐྲུན་ནས་ཁྱོན་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་43བཀོད་སྒྲིག་བྱས་པ་དེ་དག་རླུང་ཁམས་ཆེ་མོའི་ཁོར་ཡུག་དང་། ཆུའི་ཁོར་ཡུག འཁྱགས་རོམ་དང་གངས་རི། རྩྭ་ཐང་དང་འདམ་ར། ཆུ་བོ་དང་མཚོ། རྩ་ཆེའི་རི་སྐྱེས་སྲོག་ཆགས་སོགས་ལ་ཁྱབ་ཡོད།

    ཡུལ་ཤུལ་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་ཉིང་ལག་རུ་ཁག་གི་ཁྲིམས་སྒྱུར་པ་ཀུན་བཟང་ལྷ་མཚོས“ལས་དོན་པས་ཉིན་ལྟར་གཙོ་གནད་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་རྒྱང་ཁྲིད་སྐོར་ཞིབ་བྱེད་ཀྱི་ཡོད་པ་དང་། རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་མ་ཐག་འཕྲལ་མར་སྔོན་ཚུད་ཉེན་བརྡ་གཏོང་གི་ཡོད”ཅེས་བཤད།

    2024ལོར་རྒྱུན་གཏན་གྱི་བརྙན་ལམ་སྐོར་ཞིབ་བྱེད་རིང་ལས་དོན་པས་རྨ་ཆུའི་ཆུ་འགོའི་ས་ཁོངས་སུ་འབྲོག་པས་ས་དོང་དྲུས་ནས་ས་སློག་རྒྱག་པ་མཐོང་ཡོད། “ང་ཚོས་འཕྲལ་དུ་ཁུངས་སྣེ་དེ་གཞི་རིམ་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ལ་རྩིས་སྤྲད་པས་ཁོང་ཚོ་འཕྲལ་དུ་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་སླེབས་སོང”ཞེས་ཀུན་བཟང་ལྷ་མཚོས་དྲན་གསོ་བྱས་ནས་བཤད་པ་དང་། ཁོང་གིས“དེ་གར་ང་ཚོ་དང་བར་ཐག་སྤྱི་ལེ་400ལྷག་ཙམ་ཆོད་ཡོད་པས་ང་ཚོ་དེ་གར་འབྱོར་སྐབས་གཏོར་བཤིག་བཏང་ཟིན་ངེས་རེད”ཅེས་བཤད།

    མ་ལག་ཆ་ཚང་དེར་བརྟེན་ནས་ལྟ་འདོམས་ཀྱི་ཁྱབ་ཁོངས་ཐག་རིང་ལུང་ཁུག་གི་སྐྱེ་ཁམས་ཀྱི་ཚོར་བ་སྐྱེན་པའི་ས་ཁོངས་སུ་སྣུར་སྲིང་བྱས་པས། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    “ཡུལ་ཤུལ་ཆུ་འགོའི་སྐར་ཁུང”གིས་ཀྱང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་དེ་བས་ཐད་ཀར་མཐོང་ཐུབ་ཡོད། ཀུན་བཟང་ལྷ་མཚོས་མ་ལག་གིས་ཟིན་ཐོར་བཀོད་པའི་རྩ་ཆེའི་པར་རིས་བསྟན་པ་སྟེ། རྣམ་སྲས་རོང་ཆེན་དུ་གཟིག་དང་། གཟིག་ཁྲ་ཐིག་ཅན། ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་ཡང་ཡང་ཐོན་པ་དང་། རོང་པོ་མཚོ་འགྲམ་དུ་ཁྲུང་ཁྲུང་སྐེ་ནག་200ཙམ་ཟིན་པ། ལོ་ལྟར་ཆུ་བྱ་ཁྲི་ཁ་ཤས་དེ་གར་སྐྱེ་འཕེལ་བྱེད་ཀྱི་ཡོད།

    “ལག་རྩལ་གསར་པ་ལས་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་ལ་གཅིག་གྱུར་ལྟ་འདོམས་བྱེད་པའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”ཅེས་ཁྲེན་རུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཡུལ་ཤུལ་ཆུ་འགོའི་སྐར་ཁུང”གི་བརྙན་ལམ་ཐོག་ནས་སྐོར་ཞིབ་བྱས་པ་བརྒྱུད་ལས་དོན་པས་སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་ཐེངས་མང་ཐུབ་པ་དེ་དག་ཚང་མ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་བསྐྱལ་ཡོད་ཅེས་བཤད། སྔོན་ཆད་ལས་དོན་མི་སྣ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་ནས་ད་ལྟའི་རྒྱང་ཁྲིད་སྐོར་ཞིབ་དང་རིག་ནུས་སྔོན་ཚུད་ཉེན་བརྡ་གཏོང་བའི་བར་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ལ་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

    ཉེ་བའི་ལོ་5ཡི་རིང་། ཡུལ་ཤུལ་ཀྲོའུ་ཡི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.97%ཟིན་པ་དང་། ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་100%ཟིན་པ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་དུ་བརྟན་པོ་བྱུང་བ། ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་6%ཡན་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།