མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་བསྲུངས་པ།
—— རྫ་ཡུལ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
2025ལོར་རྫ་ཡུལ་རྫོང་མི་དམངས་སྨན་ཁང་ལ་རྒྱལ་ཁབ་རིམ་པའི“རྒྱལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་། དེ་ནི་རྫ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བར་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ། སྨན་ཁང་ཡོངས་ཀྱི་སྨན་དོན་པས་ས་མཐོར་གཞི་ཚུགས་ཏེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་གསུམ་ལྷག་ཙམ་གྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱས་པར་བསྔགས་བརྗོད་བྱས་པ་ཞིག་ཀྱང་རེད།
སྨན་ཁང་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་མྱོང་མཁན་དང་དཔང་པོ་བྱེད་མཁན་ཞིག་ཡིན་པའི་རྫ་ཡུལ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ལེང་སི་ཀྲེ་ཡིས། “གཟི་བརྗིད་མཚན་སྙན་དེ་ནི་ལས་སླ་མོར་བྱུང་བ་ཞིག་མིན་པར་དོན་སྙིང་ཧ་ཅང་ཟབ་མོ་ལྡན་པས། ང་ཚོས་ནུས་ཤུགས་ཡོད་རྒུས་ཤེས་ལྡན་པ་ནང་འདྲེན་དང་ས་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་རྫ་ཡུལ་གྱི་སྨན་བཅོས་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། ང་ཚོས་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་བློ་གཅིག་སེམས་གཅིག་གིས་མཐའ་མཚམས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ལས་ལ་གཞོལ་བར་ལྕག་སྐུལ་ཆེ་ཤོས་བཏང་བ་ཞིག་ཀྱང་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།
“ནད་པ་གཞན་སྒྱུར་སྨན་ཁང”ཞིག་ནས་ཡིད་ཆེས་བློས་འགེལ་ཆོག་པའི་སྨན་ཁང་ཞིག་ཏུ་གྱུར་པ།
སྔོན་ཆད་རྫ་ཡུལ་ལ་སྨན་བཅོས་ཀྱི་རྨང་གཞི་ཞན་པ་དང་། ཆེད་ལས་ཀྱི་ཤེས་ལྡན་པ་དཀོན་པ། སྨན་བཅོས་སྒྲིག་ཆས་མི་འདང་བ་སོགས་ཀྱི་ཞན་ཆའི་ཚོད་འཛིན་ཕོག་ནས་མང་ཚོགས་སྨན་པ་བསྟེན་དཀའ་བའི་གནད་དོན་མངོན་གསལ་དོད་པོ་ཡོད། སྔོན་མའི་སྨན་བཅོས་ཀྱི་གནས་ཚུལ་སྐོར་གླེང་སྐབས། རྫོང་དེའི་རྒན་ཡོལ་ཞུས་ཟིན་པའི་སྨན་པ་རྒན་གྲས་ཤིག་གིས“དེ་སྔ་ནད་པ་ཚབས་ལྕི་པོ་འཕྲད་སྐབས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་སྨན་བཅོས་བྱེད་པར་གཏོང་དགོས་སྟབས། ལམ་ཐག་ཆུ་ཚོད་བཅུ་ལྷག་ཙམ་འགོར་བ་མ་ཟད། ས་བབ་སྨི་4000ལྷག་ཙམ་ཟིན་པའི་གངས་རི་གཉིས་སྒྲོལ་དགོས་ཀྱི་ཡོད། ལམ་བར་དུ་ནད་པ་མང་པོ་ཞིག་ལ་སྨན་བཅོས་ཀྱི་གོ་སྐབས་ཡག་ཤོས་ཤོར་བས། མང་ཚོགས་ཀྱིས་རྫོང་སྨན་ཁང་ལ‘ནད་པ་གཞན་སྒྱུར་གྱི་སྨན་ཁང’ཞེས་འབོད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
ཞན་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་དངོས་སྒྲུབ་འགག་སྒྲོལ་བྱེད་པ་ནས་སྨན་ཁང་ལ་འགྱུར་ལྡོག་གཏོང་འགོ་ཚུགས་ཡོད། རྫ་ཡུལ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྤྱི་འདོམས་བཀོད་སྒྲིག་འོག རྫ་ཡུལ་རྫོང་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གཉིས་པའི་སྨན་ཁང་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ནས་དཀའ་སྒྲོལ་ཚད་བརྒལ་གྱི་ལམ་བུ་ཞིག་གཏོད་འགོ་ཚུགས་ཡོད། ཧྲེན་ཀྲེན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྫ་ཡུལ་དུ“ཀ་པ་རིམ་པ་གཉིས་པ”གཏོད་རྒྱུ་དེ་གཙོ་གནད་བོད་སྐྱོར་རྣམ་གྲངས་ནང་བཅུག་ནས་རིག་ཚན་མང་པོ་ཚུད་པའི་རིགས་གཅིག་མཁས་ཅན་ཁག་གཉིས་སྔ་རྗེས་སུ་ས་མཐོར་རྒྱུན་སྡོད་བྱེད་པར་བཏང་བ་དང་། “ཚན་ཁག་གི་འགན་གཙང་ལམ་ལུགས”ཀྱི་གནད་སྨིན་རོགས་སྐྱོར་བྱེད་སྟངས་སྤྱད་དེ་ལམ་ལུགས་འཛུགས་སྐྱོང་དང་བརྒྱུད་རིམ་ཚད་ལྡན། ལག་རྩལ་མཐོར་གཏོང་བཅས་ཕྱོགས་ཡོངས་ནས་སྨན་ཁང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་རང་འགུལ་ངང་རྫ་ཡུལ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་དང་དྲིལ་བསྒྲགས་ཧུར་ཐག་བྱས། ཉེ་འགྲམ་གྱི་དགའ་ཉེ་སྤུན་གྲོགས་ཚོའི་ན་ཚ་ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་ནུས་ལྡན་ཐུབ་པ་མཐོང་སྐབས། རྫ་ཡུལ་རྫོང་མི་དམངས་སྨན་ཁང་ལ་མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་དང་ཡིད་ཆེས་ཐོབ་ཚད་ཇེ་ཆེར་སོང་ནས་སྔོན་མའི“ནད་པ་གཞན་སྒྱུར་གྱི་སྨན་ཁང”དེ་ད་ཆ་མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི“སྒོ་རྩའི་སྨན་ཁང་ཡག་པོར”གྱུར་ཡོད།
ས་གནས་དེ་གའི་སྟོབས་ཤུགས་སྐྱེད་སྲིང་བྱས་ནས“གནས་ཐུབ་པའི་སྨན་བཅོས་རུ་ཁག”བཏོད་པ།
དུས་ཡུན་རིང་པོར་སྨན་བཅོས་ཤེས་ལྡན་པ“ནང་འདྲེན་མི་ཐུབ་པ་དང་གནས་མི་ཐུབ་པ”ནི་རྫ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་གཙོ་བོ་ཞིག་རེད། དཀའ་གནད་དེ་སེལ་ཆེད། ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས་ཧྲེན་ཀྲེན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས“1+1+N”ཡི་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ཏེ། བོད་སྐྱོར་རིགས་གཅིག་མཁས་ཅན་རེས་ས་གནས་དེ་གའི་རྐང་འཛིན་སྨན་པ་རེ་དང་ཆ་བསྒྲིགས་ནས་ན་གཞོན་སྨན་དོན་པ་མང་པོར་ལག་རྩལ་རེ་རེ་བཞིན་བསླབས་པ་དང་དམར་ཁྲིད་བྱས་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ཡོད།
“དགེ་སློབ་ཆ་སྒྲིག་པ”ཕུད་རྫ་ཡུལ་རྫོང་མི་དམངས་སྨན་ཁང་གིས་དུས་བཀག་ལྟར་ས་གནས་དེ་གའི་རྐང་འཛིན་པ་ལྷོ་ཕྱོགས་གསོ་རིག་སློབ་ཆེན་ཧྲེན་ཀྲེན་སྨན་ཁང་དང་པའོ་ཨན་ཆུས་མི་དམངས་སྨན་ཁང་སོགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་ལས་གནས་རྗེས་སྙེག་གི་སློབ་སྦྱོང་ལ་མངགས་ཏེ་སྔོན་ཐོན་སྨན་བཅོས་ལག་རྩལ་དང་དོ་དམ་གྱི་འདུ་ཤེས་སྦྱངས་པ་དང་། གཞན་ཡང་རྫ་ཡུལ་རྫོང་གིས་དམག་དཔུང་དང་ས་གནས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་མཉམ་སྐྲུན་གཏིང་ཟབ་བྱས་ནས་མཁའ་དམག་གི་ཁྱད་ལྡན་གསོ་རིག་ལྟེ་གནས་དང་ཡུན་རིང་མཉམ་ལས་ལམ་སྲོལ་བཙུགས་པ་དང་། བཅའ་སྡོད་དཔུང་སྡེའི་སྨན་པས་དུས་བཀག་ལྟར་ནད་བརྟག་སྨན་བཅོས་དང་སློབ་ཁྲིད་ནད་སྐོར་བྱས་ཏེ་སྨན་བཅོས་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་ཀྱང་བྱས་ཡོད། ད་དུང་རྒྱང་བསྟེན་སྨན་བཅོས་མཉམ་འདུས་ནད་དཔྱད་མ་ལག་བཙུགས་པ་དེས་ཡུལ་དུས་ཀྱི་ཚོད་འཛིན་མེད་པར་རྫ་ཡུལ་རྫོང་གི་མང་ཚོགས་ཚོར་སྒོ་རྩ་ནས་ཧྲེན་ཀྲེན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱི་ནད་དཔྱད་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་ས་གནས་ཀྱི་སྨན་དོན་པ་འཚར་ལོངས་མགྱོགས་མྱུར་བྱུང་ནས“གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་ཆགས་ཡོད།
བདེ་ཐང་གི་དྲ་རྒྱ་ཚགས་དམ་དུ་བཏང་ནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།
ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ལག་རྩལ་ཞན་པ་དང་ནུས་པ་མི་འདང་བའི་གནད་དོན་ལ་དམིགས་ནས། རྫ་ཡུལ་རྫོང་གིས“གོང་ལ་གནས་སྦྱར་སྦྱོང་བརྡར་དང་འོག་ལ་འདེམས་གཏོང་བྱེད་པའི”ཕྱོགས་གཉིས་སྦྱོང་བརྡར་ལམ་སྲོལ་བཙུགས་ཏེ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་རྫོང་སྨན་ཁང་དུ་རྗེས་སྙེག་སློབ་སྦྱོང་བྱེད་པར་བཏང་བ་དང་རྫོང་སྨན་ཁང་གི་རྐང་འཛིན་པ་གཞི་རིམ་དུ་སྨན་བཅོས་དང་ལག་རྩལ་སློབ་པར་བཏང་ཡོད།
ཐག་རིང་ལུང་ཁུག་གྲོང་ཚོ་དང་གྲོང་རྡལ་གྱི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོར་དམིགས་ནས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྣེ་ཁྲིད་དེ་སྐོར་སྐྱོད་སྨན་བཅོས་རུ་ཁག་བཙུགས་ནས་འཁྱེར་བདེའི་སྨན་བཅོས་སྒྲིག་ཆས་དང་རྒྱུན་མཁོའི་སྨན་རྫས་འཁྱེར་ནས་རི་ཁུལ་གྱི་གྲོང་ཚོ་དང་འབྲོག་རར་བསྐྱོད་དེ་མང་ཚོགས་ཀྱི་སྒོ་རྩར་འོས་འགན་སྨན་བཅོས་བྱེད་པ་དང་། བདེ་ཐང་བརྟག་དཔྱད་བྱེད་པ། གཅོང་ནད་རྗེས་སྙེག་བརྟག་དཔྱད་བྱེད་པ། སྨན་རྫས་སྤྲོད་པ་དང་དྲིལ་བསྒྲགས་སློབ་གསོ་གཏོང་བ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད། རྫོང་ཡོངས་ཀྱིས་ལོ་ལྟར་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་སྒྲུབ་པའི་དུས་ཡུན་ཉིན་200ལྷག་ཟིན་ཏེ། སྨན་བཅོས་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་བསྒྲུབས་པ་དང་མང་ཚོགས་ཀྱི་བློ་ལ་འབབ་པར་བྱས་ཡོད།
རྒྱུན་རྣམ་ཅན་གྱི་སྒོ་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དམ་ཚགས་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཏན་ཏིག དམག་དཔུང་དང་ས་གནས་ཀྱི་སྨན་བཅོས་མཉམ་ལས་བྱེད་སྟངས་གསར་གཏོད། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྫ་ཡུལ་རྫོང་གིས་རྫོང་དང་། ཤང་། གྲོང་གསེབ་བཅས་རིམ་པ་གསུམ་ལ་ཁྱབ་པའི་དམངས་ཡོངས་ཀྱི་བདེ་ཐང་སྲུང་སྐྱོང་དྲ་བ་ཚགས་དམ་དུ་བཏང་ཡོད།
རྫ་ཡུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། ཀོང་ཏུང་དང་བོད་ཀྱིས་གཅིག་སེམས་གཅིག་སྦྲེལ་དང་སྨན་བཅོས་བོད་སྐྱོར་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཡིན་ལ། རྫོང་ཡོངས་ཀྱི་སྨན་དོན་པས་ཐོག་མའི་བསམ་འདུན་བརྟན་སྲུང་དང་དངོས་སྒྲུབ་ལག་བསྟར་བྱས་པའི་མཚོན་ཚུལ་དངོས་ཤིགཀྱང་རེད།
འབྲེལ་ཡོད་གསར་འགྱུར།