ཚན་རྩལ་གྱིས་ས་མཐོའི་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་མཐུན་རྐྱེན་སྦྱོར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཚན་རྩལ་ཡར་ཐོན་ལ་བརྟེན་དགོས་ཤིང་། ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་མཐུན་རྐྱེན་སྦྱོར་དགོས་ཞེས་ནན་བཤད་གནང་ཡོད། གངས་ལྗོངས་ས་མཐོའི་ངོས་ནས་བརྗོད་ན། བཀའ་མོལ་དེ་གངས་ལྗོངས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ཐབས་མཆོག་ཅིག་ཏུ་གྱུར་ཡོད་ལ། རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་བར་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་ཁ་འབྲལ་ཐབས་མེད།
སྔོན་མ་ནས་འདེབས་སྐབས་གནམ་ཆུ་སྒུག་དགོས་ལ། སྣ་ཁ་ཉུང་བ་དང་ཐོན་འབབ་ཀྱང་དམའ་བས་མུའུ་རེར་ཐོན་ཚད་ཧ་ཅང་ཉུང་ཉུང་ཡིན་པ་དང་། ནོར་ལུག་ཕྱིར་གློད་ནས་འཚོ་དགོས་པས་ནོར་ལུག་འཕེལ་འགོར་བ་དང་བཤས་གཏོང་ཚད་ཉུང་བའི་ཁར། གངས་སྐྱོན་དང་རིམས་ནད་བྱུང་ཚེ་གྱོང་གུན་ཆེན་པོ་ཕོག་གི་ཡོད། ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། ས་ཞིང་ཉུང་བ་བཅས་ནི་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་གཙོ་བོ་དེ་རེད། སྔོན་མ་མི་ལ་ལས་ས་མཐོར་ས་ཞིང་འདེབས་པ་དང་ཕྱུགས་རིགས་འཚོ་བར་དཀའ་ལས་ཆེན་པོ་ཡོད་ལུགས་བརྗོད་ཅིང་། ད་ཆ་ཚན་རྩལ་ཡར་རྒྱས་ཕྱིན་ནས་མྱུར་ཚད་དང་། གཏིང་ཟབ་ཚད། རྒྱ་ཆེ་ཚད་བཅས་ལ་འགྱུར་ལྡོག་བྱུང་སྟེ་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཏེ་རིག་ནུས་ཅན་དང་། ལྗང་མདོག་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།
ཚན་རྩལ་ཞིང་དར་བྱེད་པར་སོན་བཟང་ནི་འགག་སྒོ་དང་པོ་ཡིན། ལོ་དེ་དག་ནང་། ཚན་ཞིབ་མི་སྣས་ས་མཐོར་གཞི་ཚུགས་ཏེ་ནས་ཀྱི་སྣ་ཁ་གསར་པ་འདེབས་གསོ་བྱས་པས་སོན་བཟང་ཁྱབ་ཚད་བཅུ་ཆ་དགུ་ཡན་ཟིན་པ་དང་། མུའུ་རེ་ནས་རྒྱ་མ་ཉིས་བརྒྱ་ལྷག་ཙམ་བསྡུ་ཐུབ་པ། དུད་ཚང་ཚང་མའི་འབྲུ་མཛོད་འབྲུ་རིགས་ཀྱིས་ཁེངས་པ་བཅས་བྱུང་བ་དང་ཆབས་ཅིག འབྲི་གཡག་དང་། གམ་པའི་ལུག ཁུལ་ལྡན་ར་བཅས་ལ་དམིགས་ནས་རྒྱུད་པ་ལེགས་བཅོས་བྱས་པར་བརྟེན་ཚགས་ཤ་དང་འོ་མ་འབེལ་པོ་ཐོན་པ་དང་། བལ་དང་ཁུ་ལུའི་སྤུས་ཀ་དེ་བས་ལེགས་པ། ཞིང་འབྲོག་པའི་འབབ་འཕར་ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་བྱུང་ཡོད། སྔོན་མ་ནས་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་བྱེད་པར་ལོ་བཅུ་གྲངས་འགོར་གྱི་ཡོད། ད་ཆ་ཚོད་ལྟ་ཁང་གི་སོན་གསོའི་ལག་རྩལ་གྱིས་ལོ་གཅིག་ནང་གསོ་སྤེལ་ཐུབ་ནས་ས་མཐོའི་འབྲུ་རིགས་བདེ་འཇགས་དང་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞི་བཏིང་ཡོད།
ཚན་རྩལ་གཤམ་སྤེལ་བྱས་ནས་ལག་རྩལ་དམར་ཁྲིད་བྱས་པ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་ཕྲག་ཁ་ཤས་ཀྱིས་ལོ་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྤུས་ལེགས་འདེབས་འཛུགས་དང་། ས་དཔྱད་ལུད་སྦྱོར། ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་འདེབས་ཕྱུགས་གསོ་བཅས་དམར་ཁྲིད་བྱེད་ཀྱི་ཡོད། དེ་སྔ་རྩྭ་ངན་འཐུ་བ་དང་ལུད་རྒྱག་པར་མི་ཤུགས་ཁོ་ནར་བརྟེན་དགོས་ཤིང་། ད་ཆ་ཞིང་ལས་འཕྲུལ་ཆས་སྤྱོད་པ་དང་མི་མེད་གནམ་གྲུས་ཞིང་སྨན་གཏོར་བ་དང་རྩྭ་ར་སྲུང་སྐྱོང་བྱེད་ཀྱི་ཡོད། མཐོ་གྲང་འབྲོག་ཁུལ་དུ་དྲོད་ལྡན་ཕྱུགས་ཚང་ནང་ཕྱུགས་རིགས་གསོ་ཚགས་དང་སྔོ་གཟན་ཉར་ཚགས་བྱེད་ཐབས་ཁྱབ་གདལ་བཏང་བས་དགུན་དུས་ནོར་ལུག་ཤ་ཤེད་རྒྱས་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད་ལ་གེགས་འགོག་ནུས་པའང་ཆེ་རུ་ཕྱིན་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་ཡུག་འབྲེལ་ངང་འདེབས་པ་དང་ཆུ་གྲོན་ཆུང་དང་ལྗང་མདོག་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་ནས་དེ་སྔའི་འདེབས་ཁྱོན་ཆེ་ལ་ཐོན་འབབ་དམའ་བའི་རྣམ་པར་འགྱུར་ལྡོག་ཕྱིན་ཏེ་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད།
ཚན་རྩལ་གྱིས་འདེབས་གསོར་མཐུན་རྐྱེན་སྦྱོར་བ་མ་ཟད། ད་དུང་ཕྱུག་འགྱུར་གྱི་ལམ་བུའང་བཏོད་ཅིང་། ཚན་རྩལ་ལ་བརྟེན་ནས་ནས་ལས་སྣོན་ཞིབ་ཚགས་དང་ཚགས་ཤ་དང་དཀར་ཆུའི་ཐོན་རྫས་ལས་སྣོན་དང་འཕེལ་རྒྱས་བཏང་སྟེ་ཏན་ཞིམ་དང་འོ་ཇ་བཟོས་པ་དང་། འབྲིའི་འོ་མས་ཞོ་དང་མར་ཐོན་པར་བྱས་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་རིན་གོང་ལྡབ་འཕར་ཡོད། དྲ་ཚོང་དང་གྲངས་འཛིན་ཞིང་ལས་ལག་རྩལ་ལས་སྟེགས་ལ་བརྟེན་ནས་ཐོན་ཚོང་ཐབས་ལམ་བཏོད་པར་བརྟེན་ཞིང་འབྲོག་མང་ཚོགས་ཚོས་ཁྱིམ་ནས་ཞིང་ལས་ལག་རྩལ་གྱི་བརྙན་ལམ་ལྟ་ཐུབ་པ་དང་། དྲ་ཐོག་ནས་ཁྱད་ལྡན་ཐོན་ཟོག་འཚོང་ཐུབ་པ། ས་མཐོའི་ཁྱད་ལྡན་ཐོན་ཟོག་རི་ཁུལ་ནས་རྒྱལ་ཡོངས་སུ་ཕྱིར་ཚོང་ཐུབ་པ་བཅས་བྱུང་ཡོད། ཚན་རྩལ་གྱིས་ཐོན་ལས་འཁོར་འབྲེལ་ལ་སྣེ་ཁྲིད་ཐུབ་ནས་ས་ཞིང་འདེབས་པ་དང་ཕྱུགས་འཚོས་ནས་ཡོང་འབབ་གསོག་པ་ཕུད། ཁྱིམ་ཚང་ཚང་མས་ཐོན་ལས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་ཡོད།
ཚན་རྩལ་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལག་རྩལ་ཁྱབ་གདལ་གཏོང་བ། འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ། ཚན་རྩལ་ཡག་པོ་སྤྱོད་པ་བཅས་བྱས་ཚེ། ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའང་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་ཡིན།
འབྲེལ་ཡོད་གསར་འགྱུར།