དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བའི་ལོ་བཅུའི་རིང་གི་གྲུབ་འབྲས་བཟང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོཌ་པའི་ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་ཏེ་ལོ་ངོ་10འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2016ལོར་ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་ཚུན། ལྷོ་ཁ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2015ལོའི་སྒོར་དུང་ཕྱུར་113.62ནས་2025ལོའི་སྒོར་དུང་ཕྱུར་331.8བར་འཕར་བ་དང་ལོ་བཅུའི་རིང་ལྡབ་3ཙམ་འཕར་ནས་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། རྩེད་གོང་རིམ་མཐོའི་གཞུང་ལམ་དང་། S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་སྔ་རྗེས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལྷོ་ཁར་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་ལས་ལྷོ་ཁ་དེ་ཉིད་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་ཐུབ་ཡོད། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་ལྷོ་ཁ་ལྷུན་རྩེ་གནམ་ཐང་གིས་ལྗོངས་ཕྱི་ནང་སྦྲེལ་མཐུད་བྱེད་པའི“མཁའ་དབྱིངས་གསེར་ཟམ”གྱི་ནུས་པ་ཐོན་གྱི་ཡོད། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་མཉམ་ཤུགས་གཅིག་ཏུ་སྒྲིལ་བས་ལྷོ་ཁ་དེ་ཉིད་བོད་ནང་ཁུལ་དང་ཕྱི་ཕྱོགས་འབྲེལ་མཐུད་བྱེད་པའི་སྟབས་བདེ་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་ཤིག་ཏུ་གྱུར་ཡོད། གློག་ཤུགས་འགན་སྲུང་བྱེད་པར་ངོ་བོའི་མཆོང་སྐྱོད་བྱུང་ནས་སྲིད་འཛིན་གྲོང་ཚོར་གློག་གཏོང་ཐུབ་ཚད་དང་གློག་དྲ་གཙོ་བོ་ཁྱབ་ཚད་100%ཟིན་པ་དང་། གློག་འདོན་ཚད་2015ལོའི་ཆུ་ཚོད་ཆན་ཝ་དུང་ཕྱུར་21.1ནས་2025ལོའི་ཆུ་ཚོད་ཆན་ཝ་དུང་ཕྱུར་75.02བར་འཕར་ཡོད། ཆུ་བེད་ཐད། གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན་པ་དང་། ཆུ་མཛོད་50བསྐྲུན་ཟིན་པ་དང་སྤྱིའི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2ཙམ་ཟིན་པ། ཞིང་ཆུ་འདྲེན་པའི་ཆུ་ཡུར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་5000ཙམ་ཟིན་ཡོད། འཕྲིན་གཏོང་དྲ་རྒྱ་ས་ཁོངས་ཧྲིལ་པོར་རིམ་སྤོར་བྱུང་ནས་སྲིད་འཛིན་གྲོང་ཚོའི་འོད་སྐུད་དང་4Gདྲ་རྒྱ་100%ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་བརྡ་རྟགས་ཕྱོགས་ཡོངས་ནས་ཁྱབ་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་མ་ལག་མགྱོགས་པོ་ཆགས་ཤིང་། ཞིང་འབྲོག་ལས་ཐད། འབྲུ་རིགས་ཐོན་འབབ་ཏུན་ཁྲི་15.7ནས་ཏུན་ཁྲི་17.69བར་འཕར་བ་དང་། བོད་བྱ་དང་། བོད་ཕག སྟར་ཁ། རྒུན་འབྲུམ། སྡོང་ཆུང་ཀུ་ཤུ་སོགས་ས་མཐོའི་ཁྱད་ལྡན་སྤུས་རྟགས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཞབས་ཞུའི་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་དང་2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1071.62ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཐད་འགྲོ་གྲོན་གཏོང་ཚད་བསྡོམས་སྒོར་དུང་ཕྱུར་44.8ཟིན་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8991ནས་སྒོར་24990བར་འཕར་བ་དང་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་ཡོད། སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་ཕྱིན་ནས་སློབ་གྲྭ་293ནས་471བར་མང་དུ་སོང་ཡོད། རིག་གནས་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་སོང་ནས་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་99.49%དང་99.63%བར་སོ་སོར་ཟིན་ཡོད། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་98%དང་95%ཡན་སོ་སོར་རྒྱུན་འཁྱོངས་ཐུབ་པ་དང་སྤྱི་ཚོགས་འགན་སྲུང་དྲ་བ་དེ་བས་ཚགས་དམ་དུ་སོང་ཡོད།

    ལོ་བཅུའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་སྐྱེ་ཁམས་ཤེས་དཔལ་ལ་མཉམ་དུ་སྐུལ་འདེད་ཐུབ་ཅིང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཚོགས་པ་ཧུར་ཐག་བཏོད་པ་དང་། མཚོ་སྣ་རྫོང་ནས་གྲོང་ཁྱེར་ལ་བསྒྱུར་བ་དང་གྲོང་ཁྱེར་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་ལས་བོད་ཀྱི་རྫོང་རིམ་པའི་གྲོང་ཁྱེར་2ཀྱི་གྲས་སུ་གྱུར་ཡོད། མིག་སྔའི་བར། ལྷོ་ཁའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་34.49%ཟིན་པ་དང་། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་189བསྐྲུན་པ། ཞིང་འབྲོག་ཁུལ་དུ་གཙང་སྦྲ་ལེགས་པའི་གསང་སྤྱོད་ཁྱབ་ཚད་95%ཟིན་ཡོད། སྐྱེ་ཁམས་འཛུགས་སྐྲུན་ཐད། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་རིང་ཚད་སྤྱི་ལེ་160དང་། ཞེང་ཚད་སྨི་1800 རྒྱ་ཁྱོན་མུའུ་ཁྲི་50ཙམ་ཡོད་པའི“ལྗང་མདོག་ཁྱམས་རིང”བསྐྲུན་པ་དང་ནགས་ཚལ་ཁེབས་ཚད་43.9%བར་མང་དུ་སོང་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་ལས་འགན་མུའུ་ཁྲི་31.69ལེགས་གྲུབ་ཟིན་པ་དང་ཤིང་སོན་གསོན་ཚད་85%ཡན་ཟིན་ཡོད། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་96%ནས་99.4%བར་མཐོ་རུ་ཕྱིན་པ་དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་Ⅲཡི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། སྲིད་འཛིན་གྲོང་ཚོ་575ལ་འཚོ་བའི་གད་སྙིགས་བསྡུ་རུབ་དབོར་འདྲེན་བྱེད་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།