དམངས་ཕན་སྲིད་དོན་ལས་རྗེས་ལས། དམངས་ལ་འཆང་བའི་བསམ་པ་མཚོན།
—— ཆབ་མདོ་གྲོང་ཁྱེར་གྱིས“སྦྱོང་བཤེར་བཅོས”གསུམ་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བའི་སྐོར་བཀོད་པ།
ཆར་པ་བབས་རྗེས་རྫ་ཆུ་དང་ངོམ་ཆུ་འདྲེས་མཚམས་ཀྱི་ཆུ་རྒྱས་ནས་ཆུ་ཁ་ཧ་ཅང་མཐོ་པོ་ཆགས།
ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་ཕྱོགས་བསྡུས་བཀོད་གཏོང་ཁང་དུ་ཞོད་ཐན་སྔོན་འགོག་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཁྱི་ཕྲུག་གིས་བརྙན་ཤེལ་ཆེན་པོར་ལྟ་བཞིན་འདུག ད་ལོའི་ཟླ་4པར་རྫ་ཆུ་དང་ངོམ་ཆུ་སོགས་ཀྱི་ས་ཁོངས་སུ་རིག་ནུས་ཅན་གྱི་འབྲུབ་འགོག་ལྟ་ཞིབ་ཚད་ལེན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་ཡོད། བརྙན་ཤེལ་ནས་ཉག་ཉོག་གི་ཆུ་བོ་ཤང་ཤང་དུ་བཞུར་བ་དང་། ཆུ་ངོས་ཁ་སང་ལས་ཀྱང་རྒྱ་ཆེ་རུ་ཕྱིན་པ་མཐོང་རྒྱུ་ཡོད།
“ཆུ་བོ་འདིར་ངས་ལོ་5བལྟས་པ་ཡིན”ཞེས་ཁྱི་ཕྲུག་གིས་བརྙན་ཤེལ་ལ་མཛུབ་མོ་བཙུགས་ནས་བཤད་པ་དང་། ཁོང་གིས“ཆུ་རྒྱུད་ཀྱི་ཡུལ་མི་ཚོས་ཆར་པ་ཆེན་པོ་འབབ་དོགས་ཀྱི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཆར་པ་ཆེན་པོ་བབས་མ་ཐག་ཆུ་ཉོག་པོ་ཆགས་པ་མ་ཟད་མཚན་མོར་ཆུ་རྒྱས་ནས་ཆུ་ལོག་ཐོན་པས་རེད། སྔོན་མ་མི་མངགས་པའམ་ཡང་ན་ཁ་པར་ནས་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་དགོས་ཀྱི་ཡོད”ཅེས་བཤད།
ཁོ་མོས་ཁ་པར་ནང་གི་བརྙན་རིས་བརྙན་ཤེལ་ནས་དུས་གཅིག་ཏུ་སྟོན་བཞིན་དུ“ད་ཆ་ཁ་པར་གནོན་ཐེངས་གཅིག་ལ་གང་དུ་གནོད་འཚེ་བྱུང་མིན་ལམ་སེང་ལྟ་ཐུབ་ནས་འཕྲལ་མར་མི་སྣ་བཀོད་གཏོང་ཐུབ་ཀྱི་ཡོད”ཅེས་བཤད།
བཀོད་གཏོང་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། རྩིས་བཤེར་ཚོགས་ཆུང་གི་རྩིས་ཐོའི་འགྲམ་དང་། འབྲོག་རའི་སྦྲ་གུར་ནང་། གཞུང་ལས་ཁང་གི་ཡིག་ཚགས་བླུག་སྒམ་མདུན་བཅས་སུ་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས“མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”ཞེས་པ་ཡང་སྙིང་གང་འདྲ་ཞིག་ལ་ཟེར་མིན་ལ་འགྲེལ་བཤད་བརྒྱབ་ཡོད།
གནད་དོན་མངོན་གསལ་དོད་སར་བཞག་པ།
རྩིས་བཤེར་བྱེད་མཁན་རྟག་ཏུ་ས་ཆ་ཁག་ཏུ་ཁ་གྲམ་ནས་ཡོད་པས་གཅིག་སྡུད་སློབ་སྦྱོང་བྱ་རྒྱུ་ནི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཆབ་མདོ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་རྩིས་བཤེར་ཚོགས་ཆུང་དང་། གནས་སྐབས་ཏང་ཚོགས་ཆུང་། འཐབ་ས་དང་པོའི་སློབ་ཁང་ཆུང་ངུ་བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་བཏོན་ནས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ཡོད།
དགོང་མོའི་ཆུ་ཚོད་10པར་བྲག་གཡབ་རྫོང་དུ་གནས་པའི་བོད་ལྗོངས་ཁམས་རག་ལས་རིགས་ཚད་ཡོད་ཀུང་སིའི་གཞུང་ལས་ཐོག་ཁང་ཁུ་སིམ་པོར་གྱུར་ཡང་རྩིས་བཤེར་ཚོགས་ཆུང་གཞུང་ལས་ཁང་དུ་ད་དུང་གློག་འོད་ཁྲ་ཆིལ་ལེར་གནས་ཡོད།
སྒྲོག་ཙེའི་སྟེང་རྩིས་ཁྲ་དང་འཛིན་ཤོག་མང་པོ་སྤུངས་ཡོད་པའི་སྟེང《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》བཞག་ཡོད་པ་དང་། དེའི་ནང་སྨྱུ་གུ་དམར་པོས་རྟགས་བརྒྱབ་པའི་ནང་དོན་གལ་ཆེན་དག་གློག་སྒྲོན་འོག་དེ་བས་མངོན་གསལ་དོད་པོར་སྣང་།
གནས་སྐབས་ཏང་ཚོགས་ཆུང་གི་ཙུའུ་ཀྲང་བསོད་ནམས་གཡང་འཛོམས་ཀྱིས་གྱོད་གཞིའི་ཡིག་ཆ་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། བྲེལ་འཚུབ་འཚུབ་ངང་ཡོང་བའི་ཡན་ཞ་དང་། བློ་བཟང་སྙན་གྲགས། ཝུའུ་ཅང་ཐའོ། སྲི་ཆུང་སྒྲོལ་དཀར་བཅས་ཡར་འཛུལ་འོང་ནས་གྲལ་སྒོར་དུ་བསྡད་ཅིང་། ཁོང་ཚོས་ཉིན་མོར་རྩིས་ཁྲ་ཞིབ་བཤེར་བྱེད་པ་དང་དགོང་མོ་རྩིས་བཤེར་གྱི་དཀའ་གནད་སེལ་ཐབས་གྲོས་བསྡུར་བྱེད་ཀྱི་ཡོད།
རྩིས་བཤེར་བར་གསེང་དུ་སྤེལ་བའི་སློབ་ཁྲིད་བྱེད་སྒོར་གཏན་འཇགས་ཀྱི་ཚོགས་ཁང་ཞིག་མེད་པར་ཅོག་ཙེ་རིང་པོ་ནི་ཁོང་ཚོའི་འཆད་སྟེགས་ཡིན། ཆབ་མདོ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ཅུས་ཀྲང་དངོས་གྲུབ་ཀྱིས་རྩིས་ཐོར་ལྟ་བཞིན“དངུལ་འདིའི་ཁ་གྲངས་ཏག་ཏག་མ་བསྡད་ན་མང་ཚོགས་ཀྱི་དངུལ་ཁུག་ནས་འདོན་དགོས་ཀྱི་ཡོད། ང་ཚོས་རྩིས་ཁྲ་ཞིབ་བཤེར་ཡག་པོ་བྱས་ནས་མ་མཐར་ཡང་མི་སེར་ལ་གྱོང་མ་རག་པ་བྱེད་ཀྱི་ཡོད”ཅེས་བཤད།
སྲིད་དོན་ལས་རྗེས་ལྟ་བ་ལག་ལེན་བསྟར་བ་ནི་སྟོང་གཏམ་ཞིག་མིན་པར་མ་དངུལ་གཏོང་ཡོང་ཚང་མ་ཁུངས་གཙན་པོ་དགོས། དངོས་གྲུབ་ཀྱིས་ཚོགས་འདུ་ཐེངས་གཉིས་བསྟུད་མར་འཚོགས་ནས་འཕྲལ་སྒྲུབ་གནད་དོན་ཞིག་ཐག་གཅོད་བྱས་རྗེས་ཡང་རྩིས་བཤེར་བྱ་ཡུལ་རྗེས་མར་བྲེལ་འཚུབ་ངང་སྐྱོད།
ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་བྱེད་པ་གྲོང་མིའི་ཁྱིམ་དུ་ཡང་སེ་བསྐྱོད་དེ“བསྡུར་བ་གསུམ”དོན་འཁྱོལ་བྱས་ནས་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་འཚོལ་བཤེར་བྱེད་ཅིང་། ལས་ཀའི་འཆར་འགོད་ཐད་ཕྱིའི་རྣམ་པར་མཐོང་ཆེན་ལས་གྲུབ་འབྲས་ཐོན་རྒྱུར་མཐོང་ཆེན་མི་བྱེད་པ་དང་། སྲིད་ཇུས་ཐད་བཀོད་སྒྲིག་ལ་མཐོང་ཆེན་ལས་དོན་འཁྱོལ་ལ་མཐོང་ཆེན་མི་བྱེད་པ། དམངས་ཕན་ཞབས་ཞུའི་ཐད་དོ་དམ་ལ་མཐོང་ཆེན་ལས་ཞབས་ཞུར་མཐོང་ཆེན་མི་བྱེད་པ་སོགས་ཀྱི་སྣང་ཚུལ་དྲ་ཐོག་ལས་སྟེགས་ནས་བསམ་འཆར་བསྡུ་ལེན་དང་། དུད་ཚང་དུ་བསྐྱོད་དེ་བཅར་འདྲི་ཞིབ་བསྡུར་གྱིས་གནད་དོན་གྱི་རྩིས་ཐོ་ཁ་གསལ་དུ་བཏང་ཡོད།
དངོས་སྒྲུབ་ལ་བརྟེན་ནས་དོ་ཁུར་ལ་བརྡ་ལན་སྤྲད་པ།
དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་མང་ཚོགས་ཁ་ཐོར་དུ་སྡོད་པས་དྲིལ་བསྒྲགས་དམིགས་སར་འབྱོར་གྱི་མེད། སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ལ་རྒྱབ་ཤོད་གྲོང་ཚོའི་གཞི་རིམ་སྒྲོག་འགྲེལ་པ་སྐལ་བཟང་བཀྲ་ཤིས་ཀྱིས་ལྟོ་ཕད་ཕྲག་ཐོག་ཏུ་ཁྱེར་ནས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་རི་མཐོའི་སྤང་ལྗོངས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། ཁོང་ནི་ཆབ་མདོའི་གཞི་རིམ་གྱི་སྒྲོག་འགྲེལ་པ་2275ཡི་གྲས་ཤིག་ཡིན་པ་དང་། ཁོང་གིས་རང་འགུལ་ངང་སྐོར་སྐྱོད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོར་ཞུགས་རྒྱུའི་རེ་འདུན་ཞུས་ཡོད།
ཉིན་དེའི་ཕྱི་དྲོར། ཁོང་སྤང་སྟེང་དུ་སྐྱིལ་ཀྲུང་ངང་བསྡད་པ་དང་འབྲོག་པ་བདུན་བརྒྱད་ཀྱིས་ཁོང་མཐའ་ནས་བསྐོར་ཞིང་། ཁོང་གིས“ཁྱེད་ཚོས་ལྟོས་དང་། སྔོན་ཆད་ལམ་འདིར་རྟ་བཞོན་ནས་ཉིན་ཕྱེད་ཙམ་འགྲོ་དགོས་ཀྱི་ཡོད། ད་ཆ་སྦག་སྦག་བཞོན་ན་སྐར་མ་ཉི་ཤུ་ཙམ་ལས་འགོར་གྱི་མེད”ཅེས་བཤད་པ་དང་། ཁོང་གིས“སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་ཡོད། ན་ནིང་ཁྱེད་ཀྱི་ཕ་སྨན་ཁང་དུ་བསྡད་རྗེས་སྨན་རིན་ག་ཚོད་རྩིས་ཞུ་ཐུབ་བྱུང་ངམ” “དབྱར་རྩྭ་དགུན་འབུའི་ཐོན་ལས་ལ་འབབ་འཕར་བྱུང་བས། ད་ལོའི་རིན་གོང་ན་ནིང་ལས་སྒོར་ག་ཚོད་འཕར་ཡོད་དམ”ཞེས་པ་སོགས་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དྲིས།
“དེ་དག་གནམ་ནས་ཟགས་པ་ཞིག་མིན་པར་ང་ཚོར་སྲིད་ཇུས་ལག་ལེན་ཡག་པོ་བསྟར་བ་ལས་བྱུང་བ་ཞིག་རེད” དེ་ལྟར་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཉིན་ཕྱེད་ཙམ་འདས་པ་དང་། དེའི་རིང་ཁོང་གི་མིད་པ་འགག་ཡོད་ནའང་སྤང་སྟེང་གི་དགོད་སྒྲ་ད་དུང་ཡལ་མེད། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས“དམར་མདངས་ཀྱི་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པར་བརྟེན་ནས་སྒྲོག་འགྲེལ་པ་འབྲོག་ར་དང་ཞིང་ནང་དུ་བསྐྱོད་དེ་རིམ་རྩིས་བརྒྱབ་ན་སྒྲོག་འགྲེལ་ཐེངས་3500ལྷག་ཙམ་བྱས་པ་དེ་མང་ཚོགས་མི་ཐེངས་ཁྲི་60ལྷག་ཙམ་ལ་ཁྱབ་པ་དང་། ཞིང་འབྲོག་པའི་སྒྲོག་འགྲེལ་པར་སྒྲོག་འགྲེལ་རིན་པ་སྒོར་ཁྲི་14ཙམ་སྤྲད་ཡོད།
སྲིད་ཇུས་མི་སེམས་སུ་ཟུག་ལ་ལག་ལེན་ལའང་དོན་འཁྱོལ་ཐུབ་ཡོད། ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་པ་འདེམས་པ་དང་གནས་གཏན་འཁེལ་གྱིས་ལས་ཞུགས་གཞན་སྒྱུར་བྱེད་སྟངས་བཏོད་ཡོད། ན་ནིང་གློག་ལས་རྩལ་ནུས་འགྲན་བསྡུར་ནང་ཚེ་དབང་དོན་རྒྱལ་ལ་བྱ་དགའ་ཐོབ་པ་དང་། ད་ཆ་ཁོང་གིས་རི་བོ་ཆེ་རྫོང་ལྔ་མདའ་གྲོང་ཚོའི་དམག་སྡེ་བཅོ་བརྒྱད་པའི་དམག་འཐབ་རྗེས་ཤུལ་གྱི་འཛུགས་སྐྲུན་རྣམ་གྲངས་གནས་ཡུལ་དུ་མི་མེད་གནམ་གྲུ་གཏོང་གི་ཡོད་པས་ཟླ་རེར་ཡོང་འབབ་སྒོར་6000ཡོད།
“སྔོན་ཆད་ཡོང་འབབ་ཚང་མ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་དགོས་པ་དང་། ཐོན་འབབ་ཡག་ཉེས་ལ་ངེས་གཏན་ཅི་ཡང་མེད། ད་ཆ་དུས་ཐོག་ཏུ་ཟླ་རེའི་གླ་ཕོགས་ཡོད་པ་མ་ཟད། ལག་རྩལ་གསར་པའང་སྦྱོང་ཐུབ་པས་བློ་ཧ་ཅང་བདེ་པོ་འདུག”
དམངས་འཚོའི་འགག་གནད་འབྲོག་ར་ནས་གྲོང་ཁྱེར་དུ་བསྒྱུར་བ་རྒྱུན་གཏན་གྱི་གནས་ཚུལ་ནས་མཐོང་ཐུབ།
ཆབ་མདོ་གྲོང་ཁྱེར་གྲོང་ཁུལ་དོ་དམ་ཅུས་ཀྱི་བློ་བཟང་རྣམ་རྒྱལ་གྱིས་ཉིན་ལྟར་ལས་ཀར་མ་ཕྱིན་གོང་ས་གནས་ཀྱི་བརྙན་ཐུང་ལ་ཐེངས་གཅིག་ལྟ་ཡི་ཡོད། གལ་སྲིད་གྲོང་མིས་མདའ་གཡེར་ཁ་ལམ་དུམ་གྱི་ལམ་སྒྲོན་སྐྱོན་ཤོར་ཡོད་པ་བསྐུར་ཚེ། ཁོང་གིས་གོང་ཞུའི་ཐད་སྦྲེལ་ཁ་པར་ལས་ཀྱང་སྔ་བ་ཤེས་ནས་ཁ་རུབ་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལས་དོན་པ་དང་མཉམ་དུ་དགོང་མོ་དེ་རང་ལ་བཟོས་ཚར་བ་བྱེད་ཀྱི་ཡོད།
“རང་འགུལ་ངང་གནད་དོན་མང་ཙམ་ཤེས་པར་བྱེད་དགོས”ཞེས་བློ་བཟང་རྣམ་རྒྱལ་གྱིས་བཤད་པ་དང་། ཁོང་གིས“མང་ཚོགས་ཀྱིས་གནད་དོན་མ་བཏོན་གོང་ང་ཚོས་སྔོན་ལ་གནད་དོན་ཤེས་པ་བྱེད་དགོས”ཞེས་བཤད།
རྩིས་ཐོ་རྙིང་པ་དང་ཐབས་ལམ་གསར་པ།
གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་བླངས་ཞབས་ཞུའི་ལས་དོན་པུའི་གཞུང་ལས་ཁང་དུ་ལོ་མང་ཐག་གཅོད་མ་ཐུབ་པའི་གནད་དོན་ཞིག་ལ་སླར་ཡང་ཐག་གཅོད་བྱེད་འགོ་ཚུགས།
དེ་ནི་2016ལོ་ནས་2018ལོ་བར་གྱི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་ཞབས་ཞུའི་ཡིག་ཚགས་རེད། ཡིག་ཚགས་380ཡོད་པ་དེ་དག་ལ་ཁྱོན་སྒོར་ཁྲི་1219.2གསབ་འཇལ་བྱེད་དགོས་ཀྱི་ཡོད།
དང་བླངས་པའི་ལས་དོན་པུའི་འགན་འཁུར་བ་འཕྲིན་ལས་དབང་འདུས་ཀྱིས་སྣེ་ཁྲིད་པ་དང་དང་བླངས་པ་དབྱང་ཡུས་པིན་གྱིས་བརྒྱུད་རིམ་ཧྲིལ་པོའི་རྨང་གཞིའི་རང་བཞིན་གྱི་ལས་སྒོ་སྒྲུབ་འགོ་ཚུགས། ཉིན་མོར་ཕྱི་ཕྱོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་པ་དང་། མཚན་མོར་མི་རེ་རེའི་ཡིག་ཚགས་ཀྱི་ཆ་འཕྲིན་ལ་ཞིབ་བསྡུར་བྱས་ཤིང་། ཁ་པར་བརྒྱབ་མ་ཐུབ་པའི་རིགས་ལ་ས་གནས་སོ་སོའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་ལ་མི་འཚོལ་རོགས་ཀྱི་རེ་བ་ཞུ་བ་དང་། གནས་ཡུལ་སྒྱུར་ནས་འབྲེལ་བ་བྱེད་མི་ཐུབ་པའི་རིགས་ལ་ཁུངས་སྣེ་འཚོལ་བ་སོགས་བྱས་མཐར་ཐོག་མར་འབྲེལ་བ་བྱེད་མ་ཐུབ་པའི་དང་བླངས་པ་12ལ་རིམ་བཞིན་འབྲེལ་བ་བྱེད་ཐུབ་ཡོད།
དང་བླངས་པ་ཝུའུ་ཧའེ་ཧྲེང་དེ་སྔ་ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་བྱེད་པ་དང་ད་ཆ་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཁའེ་ཅང་རྫོང་དུ་ལས་ཀ་བྱེད་ཀྱི་ཡོད་པས། ས་གནས་གཉིས་ཀྱི་སྲིད་ཇུས་མི་འདྲ་བའི་དབང་གིས་གསབ་འཇལ་གྱི་རེ་ཞུ་སྒྲུབ་མ་ཐུབ་པར་ལོ་མང་ཕྱིན་ཡོད། དབྱང་ཡུས་པིན་གྱིས་དཔང་ཡིག་ཆ་ཚང་བཟོས་པ་དང་། འཕྲིན་ལས་དབང་འདུས་ཀྱིས་ཆབ་མདོ་དང་ཁའེ་ཅང་རྫོང་གཉིས་ཀྱི་སྤྱི་ཚོགས་འགན་བཅོལ་སྡེ་ཚན་དང་སྡེ་ཚོགས་གྲོང་ཨུད་ཀྱི་ཚན་ཁག་དང་རང་འགུལ་ངང་འབྲེལ་གཏུག་ཐེངས་མང་བྱས་མཐར་འགྲོ་ལུགས་ཆ་ཚང་གསབ་ཅིང་། མིག་སྔའི་བར། མི་203ལ་སྨན་བཅོས་འགན་བཅོལ་དང་མི་242ལ་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་ལུགས་ཁ་གསབ་ཐུབ་པར་མ་དངུལ་སྒོར་ཁྲི་916.8ཙམ་བཏང་ཡོད། ལྗོངས་ཕྱིར་སྡོད་མཁན་དང་བླངས་པ་ཞིག་གིས“དངུལ་དེ་དག་ནི་སྤྱི་ཚོགས་འགན་བཅོལ་ཙམ་མིན་པར་ང་ཚོའི་དང་བླངས་ཞབས་ཞུར་ཁས་ལེན་བྱས་པ་ཞིག་དེ་བས་ཀྱང་རེད”ཅེས་བཤད།
ལམ་ལུགས་བཟོས་ན་གཞི་ནས་ཕུགས་ལ་ཕན། ཆབ་མདོ་གྲོང་ཨུད་གཞུང་ལས་ཁང་གིས་ལས་ཁུངས་ཀྱི་འཁོར་སྐྱོད་འགག་གནད་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་སློབ་སྦྱོང་ཞིབ་བསྡུར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། བརྟག་ཞིབ་གཞན་སྒྱུར་བཅས་ཀྱི་བྱེད་ཐབས་ལམ་ལུགས་སུ་བསྒྱུར་ཡོད། དཔལ་འབར་རྫོང་གིས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་དག་ཐེར་བྱེད་པར་བརྟེན་ནས་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཆོག་འཐུས་དང་རིམ་གསུམ་སྐྱེ་ཁམས་ལྟ་སྲུང་སོགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། ཤོག་བུར་རྟགས་རྒྱག་པ་ནས་ལམ་ལུགས་ཀྱི་སྒྲིག་ལམ་བཟོས་པའི་བར་དག་ཐེར་བྱས་པའི་གྲུབ་འབྲས་ལ་གཞི་ནས་ཕན་འབྲས་ཐོན་ཡོད།
ས་སྲོས་སུ་ཁྱི་ཕྲུག་གིས་ལས་ཀ་རྩིས་སྤྲོད་རྩིས་ལེན་ཚར་རྗེས་བཀོད་གཏོང་ཁང་ནས་དོན་པ་དང་། བརྙན་ཤེལ་ཆེན་པོ་ནས་ད་དུང་བརྙན་རིས་སྟོན་བཞིན་ཡོད། འགྱུར་ལྡོག་ཁ་ཤས་བརྙན་ཤེལ་ནས་མཐོང་མི་ཐུབ་པ་སྟེ། སློབ་ཚན་ཐོལ་པ་འཚོག་པ་དང་འཚམས་འདྲིར་མང་པོ་སྐྱོད་པ་ལ་སོགས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་པ་དེ་དམངས་ལ་བདེ་སྐྱིད་སྐྲུན་པའི་ཁ་ཡོད་ལག་ཡོད་ཀྱི་སྲིད་དོན་ལས་རྗེས་ཤིག་ཏུ་གྱུར་པ་ཁྱི་ཕྲུག་གིས་སེམས་ནང་གསལ་པོ་ཤེས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།