ནག་ཆུ་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་སྤྱད་དེ་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་མཐོ་གྲང་འབྲོག་ཁུལ་གྱི་ནོར་ལུག་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཤིང་། འབྲོག་ལས་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་དམིགས་ཏེ་བྱེད་ཐབས་མང་པོ་སྤྱད་ནས་ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་བསལ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་ལེགས་སུ་བཏང་ཁར། གྲོང་ཁྱེར་ཡོངས་ཀྱི་འབྲོག་ལས་དེ་གཞི་ཁྱོན་གྲངས་འབོར་ཅན་ནས་སྤུས་ཚད་ཕན་འབྲས་ཅན་བར་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་རེད།
གཉེར་སྐྱོང་བྱེད་པོ་རིམ་བཞིན་གསོ་སྐྱོང་བྱེད་པའི་མ་ལག་སྟོབས་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། གསོ་སྤེལ་དུད་ཚང་ཆེ་གྲས་ཀྱི་དོ་དམ་བྱ་ཐབས་དང་། ཁྱིམ་ཚང་འབྲོག་ར་ཐོ་འགོད་ཞིབ་མཆན་གྱི་ཞིབ་སྲོལ། དེ་བཞིན་གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁྱིམ་ཚང་འབྲོག་ར་གཏན་འཁེལ་གྱི་ཚད་གཞི་བཅས་སྔ་རྗེས་སུ་བཏོན་ནས་གྲོང་ཁྱེར་ཡོངས་ཀྱི་གསོ་སྤེལ་དུད་ཚང་ཆེ་གྲས་4569ལ་ཡིག་ཚགས་བཟོས་ནས་ཚད་ལྡན་དོ་དམ་བྱས་ཏེ། རིམ་རྩིས་བརྒྱབ་ན་ཁྱིམ་ཚང་འབྲོག་ར་3734ཐོ་འགོད་བྱས་ཡོད།དེ་དང་ཆབས་ཅིག་གཉེར་སྐྱོང་བྱེད་པོ་བབ་བསྟུན་གསོ་སྐྱོང་དང་། ཁོག་སྟོང་བྱེད་པོ་གཙང་བཤེར། སྤུས་ལེགས་བྱེད་པོར་རོགས་སྐྱོར་བཅས་བྱས་ནས་རིམ་རྩིས་བརྒྱབ་ན་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་19གསོ་སྐྱོང་བྱས་པ་རེད། 2021ལོ་ནས་བཟུང་མ་དངུལ་སྒོར་ཁྲི་2176བཏང་ནས་བྱེད་པོ་ཚད་ལྡན་ཅན་གྱི་ལེགས་གཏོང་རྣམ་གྲངས་ལག་བསྟར་བྱས་པ་དང་། གཉེར་སྐྱོང་བྱེད་པོ་85ཚད་ལོན་གཉེར་སྐྱོང་ཐུབ་རྒྱུར་སྐུལ་འདེད་བཏང་ནས“གསོ་སྤེལ་དུད་ཚང་ཆེ་གྲས་དང་། ཁྱིམ་ཚང་འབྲོག་ར། མཉམ་ལས་ཁང་། སྣེ་འདྲེན་ཁེ་ལས”བཅས་རིམ་བཞིན་འཕེལ་རྒྱས་ཀྱི་བཀོད་པ་འཛུགས་སྐྱོང་བྱས་ཡོད།
འབྲོག་ཕན་དམངས་ཕན་གྱི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ནས་དམངས་ཕྱུག་གི་ཁེ་འབབ་རྒྱུན་མཐུད་ཐོན་པར་བྱས་ཤིང་། 2024ལོར་ནག་ཆུ་གྲོང་ཁྱེར་གྱིས་ཁྱིམ་ཚང་འབྲོག་རའི“ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པའི”ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། སྒོར་ཁྲི་4728བཏང་ནས་ཁྱིམ་ཚང་འབྲོག་ར2383ལ་ཕན་པ་ཐོབ་པ་དང་། དེ་དག་ལ་དྲོད་ཁང་དང་། གཟན་ཁང་། གཟན་ཆག་ལས་སྣོན་ཁང་སོགས་བསྐྲུན་རྒྱུར་ཁ་གསབ་སྤྲད་ཡོད། 2026ལོར་སྒོར་ཁྲི་3110.45སྤྱི་འདོམས་བྱས་ནས་འབྲོག་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་རོགས་སྐྱོར་བྱས་ཡོད། བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོར་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཚང་འབྲོག་རའི་དུད་ཚང་གི་ཆ་སྙོམས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་3.97ཟིན་པ་དང་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་10.5ཟིན་ཞིང་། ཉེ་འགྲམ་གྱི་ཞིང་འབྲོག་པ་2884ལས་ཞུགས་ཐུབ་ནས་ལོར་གླ་ཆ་སྒོར་ཁྲི་663.03སྤྲད་ཡོད། གྲོང་ཁྱེར་ཡོངས་ཀྱི་མཉམ་ལས་ཁང་གི་ཡོང་འབབ་སྒོར་དུང་ཕྱུར་10.93ཟིན་ནས་མང་ཚོགས་ཁྲི་34.74ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
ལས་སྣོན་ཞིབ་ཚགས་ལ་དམིགས་ནས་ཞན་ཆ་བསལ་བ་དང་ཐོན་ལས་ཀྱི་རིན་ཐང་འཁོར་འབྲེལ་སྣུར་སྲིང་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཐོན་ལས་རྣམ་གྲངས་ཁག་157གསོག་འཇོག་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.24བཏང་བའི་ནང་ཤ་དང་དཀར་ཆུ་ལས་སྣོན་ཞིབ་ཚགས་དང་གྲང་ཕྲེང་མཛོད་ཉར་དང་ཟོག་འགྲུལ་སོགས་ཚུད་ཡོད། འབྲོག་ཁུལ་གྱི་གྲང་ཕྲེང་ཟོག་འགྲུལ་མ་ལག་དང་ཤང་དང་གྲོང་རྡལ་གྱི་དཀར་ཆུའི་ས་ཚིགས་ཚོད་ལྟའི་འཛུགས་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་གཞན་སྒྱུར་གྱི་ནུས་པ་ཆེ་རུ་བཏང་སྟེ། 2026ལོའི་ཟླ་5པར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.05ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།