དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

    ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་ཁག་སོ་སོར་ཡུལ་སྐོར་གྱི་ལྟེ་བའི་གྲོང་ཁྱེར་དང་གཙོ་གནད་ཡུལ་སྐོར་གྲོང་ཁྱེར་གྲས་སུ་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མཆན་སྤྲད་ནས་མོས་མཐུན་ཐོབ་པ་བརྒྱུད། རིག་གནས་དང་ཡུལ་སྐོར་པུས《ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དངོས་སུ་པར་འགྲེམས་བྱས་ནས་རྒྱལ་ཡོངས་ཀྱི་ལྟེ་བ་དང་། གཙོ་གནད། ཁྱད་ལྡན་བཅས་རིམ་གསུམ་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏན་འཁེལ་བྱས་པ་རེད། རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་ཁག་སོ་སོར་ཡུལ་སྐོར་གྱི་ལྟེ་བའི་གྲོང་ཁྱེར་དང་གཙོ་གནད་ཡུལ་སྐོར་གྲོང་ཁྱེར་གྲས་སུ་ཚུད་ཡོད་པ་རེད།

    ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་དུ་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡོད་པ་དེ་ནི་བོད་ཀྱི་ཡུལ་སྐོར་གྱི་ལྟེ་བའི་བསྡུ་འགྲེམས་ལྟེ་གནས་ཤིག་རེད། 2025ལོར། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་འགྲོ་སོང་གི་བསྡོམས་འབོར་སྒོར་དུང་ཕྱུར་600ལྷག་ཙམ་ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་རྐྱང་པ་ནས་ཉམས་ལེན་གཏིང་ཟབ་བྱེད་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྣམ་པར་རིམ་སྤོར་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ལ་སྔར་ནས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཡོད་ཅིང་། དེ་ནི་བོད་ཀྱི་ཡུལ་སྐོར“ཤར་ནས་འཛུལ་ཏེ་ནུབ་ནས་ཐོན་པའི”ལམ་ཐིག་གི་ལྟེ་བའི་གནས་ཤིག་ཡིན་པ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དང་གནམ་ལྕགས་འབར་བ་སོགས་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་ཡོད། དེ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་ཀོང་པོའི་རིག་གནས་དང་མོན་པ་དང་ལྷོ་པའི་དམངས་སྲོལ་རང་སོར་བཞག་ཡོད་པ་དེ་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཞིག་རེད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་5ཡོད་པ་དེ་དག་ནི་བོད་ཀྱི་རིག་གནས་ཡུལ་སྐོར་ཕྱི་ཕྱོགས་སུ་ཁྱབ་གདལ་གཏོང་བའི་ལྟེ་བའི་མིང་བྱང་གི་གྲས་ཤིག་ཡིན་པ་དང་། ཡུལ་སྐོར་བའི་མཚན་སྙན་དང་ཁྲོམ་རའི་འཕར་ཚད་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་གསལ་དོད་པོ་ཡོད་པ་རེད།

    ད་ཐེངས་བདམས་ཐོན་བྱུང་བ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱིས་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེནའཛུགས་སྐྲུན་དང་ཡུལ་སྐོར་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་བའི་ཁྲོད་ཀྱི་གནས་བབ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།