《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཁེར་གྷི་སི་ཐན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་པི་སི་ཁེག་ཏུ་འཚོགས་པ།
ཚེས་13ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཁེར་གྷི་སི་ཐན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་འཚོགས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25འཁོར་མཚམས་སུ། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་དང་། དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་ཚང་ཆེ་མོའི་འཐུས་མིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད། གསུང་རྩོམ་གལ་ཆེན་དེའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་གསལ་འགྲེལ་གནང་བ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རེ་འདོད་དང་ཇུས་གཞི་གསོན་ཉམས་དོད་པོས་མངོན་ཡོད་པས། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་དང་དེང་རབས་ཀྱི་ཀྲུང་གོར་ཤེས་རྟོགས་བྱེད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པ་མ་ཟད། ཀྲུང་ཁེར་རྒྱལ་ཁབ་གཉིས་པོས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་ཆེར་གཏོང་བར་ཡང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་པའི་ངོས་འཛིན་བྱས་པ་རེད།
ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཨའོ་ཐུང་པ་ཡེ་ཝ་ཡིས་གསུངས་དོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ནི་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དགོངས་པ་དང་བཞེད་དོན་ཞིག་ཡིན་ཞིང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་ང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་བ་དང་། ཁེར་གྷི་སི་ཐན་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་པོའི་ལྟེ་གནས་གལ་ཆེན་ཞིག་ཏུ་རིམ་བཞིན་འགྱུར་བར་རམ་འདེགས་ཐུབ་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ནང་གནས་གཏན་ཚིགས་དང་། བཅོས་སྐྱོང་ལམ་སྲོལ། ཡུན་རིང་འཆར་འགོད་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ལག་ལེན་གྱི་རིན་ཐང་གལ་ཆེན་ལྡན་ཡོད།
ཁེར་གྷི་སི་ཐན་གྱི་རྒྱལ་དོན་དྲུང་ཡིག་ཁོ་དབྱི་ཆི་ཡེ་ཧྥུའུ་ཡིས་ཤིས་ཚིག་ནང་གསུངས་དོན། ཀྲུང་གོ་ནི་མར་ཁེ་སི་རིང་ལུགས་རང་ས་ཅན་དུ་འགྱུར་བར་གྲུབ་འབྲས་ཡག་ཤོས་ཐོབ་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། མར་ཁེ་སི་རིང་ལུགས་དང་རང་རང་སོ་སོའི་རྒྱལ་བབ་ཟུང་འབྲེལ་བྱེད་པའི་འགྲོ་ལམ་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། དུས་རབས་21པའི་མར་ཁེ་སི་རིང་ལུགས་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་ཞིབ་ཀློག་ནན་ཏན་བྱེད་དགོས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་གསུང་རྩོམ་འདི་བཀླགས་ཚེ། ཁེར་གྷི་སི་ཐན་དང་ཀྲུང་གོ་དབར་དང་། དེ་བཞིན་འཛམ་གླིང་དབར་གྱི་འབྲེལ་བར་བསམ་གཞིག་ཟབ་མོ་བྱེད་པར་ཕན་ཐོགས་ཡོད་པ་དང་། ང་ཚོས་དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་ཐུབ།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཕེའོ་དབྱང་ཧྥན་གྱིས་གསུངས་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཡིན་པས། “ཧྲང་ཧའེ་རྒྱལ་ཁབ་ལྔའི”ལམ་སྲོལ་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བར་དམིགས་བསལ་གྱི་ལེགས་སྐྱེས་ཕུལ་ཡོད། གསུང་རྩོམ་གལ་ཆེན་དེའི་ནང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་འབྲེལ་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བསྡུས་ཡོད་པས། ས་ཁུལ་དང་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་རོགས་ལས་ཟབ་གཏོང་དང་། བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་བརྟན་གཏོང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
བྱེད་སྒོའི་རིང་། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་ཁེར་གྷི་སི་ཐན་གྱི་ཡི་གེའི་དཔར་མ་དང་དེབ་ལྔ་པའི་ཨུ་རུ་སུའི་ཡི་གེའི་དཔར་མའི་དཔེ་དེབ་སྤྲད་པ་དང་། ཁེར་གྷི་སི་ཐན་ཕྱོགས་ཀྱི་སྨན་དོན་པ་དང་གསར་འགོད་པའི་འཐུས་མིས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བའི་མཉམ་ལས་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་ཡིག་ཅུས། ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་སྲིད་ཏང་དང་། སྨྱན་སྦྱོར། རིག་མཛོད་སོགས་ལས་རིགས་ཁག་གི་འཐུས་མི་300ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།