མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་རི་སྐྱེས་སྲོག་ཆགས་2500ལྷག་ཙམ་བསྐྱབས་པ།
“རི་སྐྱེས་སྲོག་ཆགས་ཡག་པོ་བསྲུང་རྒྱུ་ནི་ང་ཚོའི་ལས་འགན་ཡིན”
གསར་འགོད་པ་མཚོ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་གསའ་གསོ་ཉར་ཁང་དུ་སྐྱོད་སྐབས། གསའ་ཞིག་སྟེགས་བུའི་སྟེང་བག་ཕེབས་ངང་ཉི་མ་སྲོ་བཞིན་ཡོད་པ་མཐོང་བྱུང་། གསའ་དེའི་མིང་ལ་ཨའོ་ཞུའེ་ཟེར་ཞིང་། 2016ལོར་སྐྱེས་པ་དང་། དེ་ནི་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་བཙུགས་རྗེས་མིས་ཆུང་ནས་གསོས་པའི་གསའ་དང་པོ་དེ་རེད།
མྱུར་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་ལས་དོན་ནི་རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་པ་ཙམ་མིན་པར་དེ་ལས་གལ་འགངས་ཆེ་བ་ནི་སྲུང་སྐྱོབ་བྱ་རྒྱུ་དེ་རེད།
2025ལོའི་ཟླ་གསུམ་པར་གསའ་ལིང་ཞའོ་ཀྲི་ཐོག་མར་གཙང་གསུམ་ཆུ་འགོ་ནས་རྙེད་དུས་དབུགས་ཆད་ལ་ཁད་ཡིན། སྐྱོབ་མཁན་གྱིས་གསའ་དེ་རླངས་འཁོར་ནང་བླུགས་ནས་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་བསྐྱོད་དེ་ཟི་ལིང་དུ་བསྐྱལ་བ་རེད། གསའ་དེ་སྐྱོབ་པའི་བརྒྱུད་རིམ་དྲ་ཐོག་ཏུ་སྟོན་སྐབས་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱས་ནས་མི་མང་པོས་ས་མཐོའི་རི་སྐྱེས་སྲོག་ཆགས་སྐྱོབ་པའི་དོན་སྙིང་ཐོག་མར་རྟོགས་ཡོད། གསའ་ཨའོ་ཞུའེ་ཡི་ཕ་མ་གཉིས་ཀྱང་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་བསྐྱབས་ནས་གསོས་པ་ཞིག་རེད།
“གསའ་ལིང་ཞའོ་ཀྲི་བསྐྱབས་པ་དེས་ང་ཚོས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་རིག་གནས་ཁྱབ་གདལ་གཏོང་བ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་གཏོང་བ་སོགས་གང་ས་ཅི་ཐད་ལ་སྐུལ་མ་ཐེབས་ཡོད”ཅེས་སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱི་སྲོག་ཆགས་བསྡུ་ཉར་སྲུང་སྐྱོབ་པུའི་པུའུ་ཀྲང་ཧོ་ཧྲུན་ཧྥུའུ་ཡིས་བཤད།
མི་འགའ་རེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་ཚེ་ཡིན་གཅིག་སྐྱོབ་དགོས་དོན་ཅི་ཡིན་ཞེས་དོགས་འདྲི་བྱས་པར། ཧོ་ཧྲུན་ཧྥུའུ་ཡིས“‘གངས་རིའི་རྒྱལ་པོ’ཞེས་འབོད་པའི་གསའ་ལ་མཚོན་ན། གོ་ལ་ཧྲིལ་པོར་སྟོང་ཕྲག་ཁ་ཤས་ལས་མེད། གལ་སྲིད་དེ་ཚོ་མ་བསྐྱབས་ཚེ་ང་ཚོར་གྱོང་གུན་ཆེན་པོ་ཡོང་གི་རེད། དེ་དག་བསྐྱབས་པ་བརྒྱུད་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་ཁྱུའི་གྲངས་འབོར་བརྟན་པོར་གནས་ལ་ཐ་ན་མང་དུའང་ཕྱིན་པ་དེས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་འགྲོ་བར་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་ཐད་ཀར་ལན་བཏབ།
སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་སུ་ལས་དོན་པས་བསྐྱབས་པའི་གཙང་གསུམ་ཆུ་འགོའི་རི་སྐྱེས་སྲོག་ཆགས་ད་དུང་མང་པོ་ཡོད། ཧོ་ཧྲུན་ཧྥུའུ་ཡིས“སྲོག་ཆགས་ལ་རྨས་སྐྱོན་ཕོག་པའམ་ཡང་ན་རྒྱུན་གཏན་བཞིན་འགྲོ་མི་ཐུབ་པ་ཤེས་ཚེ་ང་ཚོས་ཉར་ནས་སྨན་བཅོས་བྱས་རྗེས། སྲོག་ཆགས་དེ་དག་རང་བྱུང་ཁམས་སུ་གློད་ཀྱི་ཡོད། དེ་ནི་ང་ཚོའི་ལས་འགན་ཡིན”ཞེས་བཤད།
རི་སྐྱེས་སྲོག་ཆགས་སྐྱོབ་རྒྱུ་ནི་ནམ་ཡང་མི་གཅིག་དང་སྒྲིག་གཞི་གཅིག་གིས་འགྲུབ་ཐུབ་པ་ཞིག་མིན་སྟབས། སྲོག་སྐྱོབ་ཀྱི་བྱ་བ་དེ་གངས་ལྗོངས་ས་མཐོར་ལུ་གུ་རྒྱུད་བཞིན་སྤེལ་བཞིན་ཡོད།
“ང་ཚོས་ཉར་བ་དང་བསྐྱབས་པའི་རི་སྐྱེས་སྲོག་ཆགས་ཀྱི་60%ཡན་ནི་སྐྱེ་ཁམས་ལྟ་སྲུང་བས་ལས་ཀ་བྱེད་སྐབས་ཧ་གོ་བ་ཤ་སྟག་རེད”ཅེས་ཧོ་ཧྲུན་ཧྥུའུ་ཡིས་བཤད་པ་དང་། ཁོང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ལྟ་སྲུང་བ་ཁྲི་2ལྷག་ཙམ་སྐོར་གཡེང་བྱ་བར་ཞུགས་ཡོད། ཁོང་ཚོས་རི་སྐྱེས་སྲོག་ཆགས་རྨས་མ་མཐོང་འཕྲལ་ཆེད་ལས་སྒྲིག་གཞིར་འབྲེལ་བ་བྱས་ནས་སྐྱོབ་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
རིགས་པའི་གཞུང་ལུགས་ནས་ལག་ལེན་གྱི་བཀོལ་སྤྱོད་བར། སྲུང་སྐྱོབ་གསོ་སྤེལ་ལྟེ་གནས་ཀྱིས་ལོ་ལྟར་ལྟ་སྲུང་བར་མྱུར་སྐྱོབ་བྱེད་སྟངས་སློབ་ཀྱི་ཡོད། “མྱུར་སྐྱོབ་ཐེངས་དང་པོ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། གང་ལགས་ཤེ་ན། མྱུར་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་ཤོར་ཚེ་རྗེས་སུ་སྨན་བཅོས་ཀྱི་མ་གནས་ཧ་ཅང་མཐོ་པོ་རེད”ཅེས་ཧོ་ཧྲུན་ཧྥུའུ་ཡིས་བཤད་པ་དང་། ཁོང་གིས“ང་ཚོས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ལག་རྩལ་གསོ་སྦྱོང་དང་ས་ཁོངས་མཉམ་འགུལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཀྱི་མྱུར་སྐྱོབ་ཆུ་ཚད་མཐོ་རུ་གཏོང་གི་ཡོད”ཅེས་བཤད།
2010ལོར་མྱུར་སྐྱོབ་གསོ་སྤེལ་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་རྗེས། རི་སྐྱེས་སྲོག་ཆགས་སྐྱོབ་ཐུབ་ཚད་ཐོག་མའི་ལོ་རེར་བཞི་བཅུ་ལྔ་བཅུ་ནས་ད་ཆ་300ལྷག་ཙམ་བར་མང་དུ་ཕྱིན་ནས་བསྡོམས་འབོར་2500ལྷག་ཙམ་ཟིན་གྱི་ཡོད།
“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་གནས་པས། རིན་ཐང་དེའི་ཆེད་དུ་རི་སྐྱེས་སྲོག་ཆགས་ཡག་པོ་བསྲུང་རྒྱུ་ནི་ང་ཚོའི་ལས་འགན་ཡིན”ཞེས་ཧོ་ཧྲུན་ཧྥུའུ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།