མཚོ་སྔོན་གྱིས་འཛུགས་གཏོད་བྱས་པའི་དེང་རབས་ནགས་ར་30ཚང་མ་ཚད་ལོན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས། 2021ལོ་ནས་2025ལོ་བར་མཚོ་སྔོན་གྱིས་ནགས་ར་30བདམས་ནས་དེང་རབས་ནགས་ར་འཛུགས་གཏོད་ལས་དོན་སྤེལ་བར་ཕྱོགས་གསུམ་པའི་སྒྲིག་གཞིས་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་བརྒྱུད། དེང་རབས་ནགས་ར་30འཛུགས་གཏོད་ལས་དོན་ལེགས་གྲུབ་ཟིན་པ་དང་། དེ་དག་ལས་ནགས་ར་4“ཕུལ་བྱུང”དང་། ནགས་ར་10“ལེགས་གྲས” ནགས་ར་16“ཚད་ལོན”བཅས་སུ་བདམས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
2021ལོར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་འབྲེལ་ཡོད་དེང་རབས་ནགས་ར་འཛུགས་གཏོད་ཇུས་གཞི་བཀྲམ་པའི་ནང་དུ། ས་ཁོངས་ཀྱི་སྐྱེ་ཁམས་ཁྱད་ཆོས་དང་། ཐོན་ཁུངས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་རྨང་གཞི་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ཕྱོགས་བསྡུས་སྤྱི་འདོམས་བྱས་ནས་ལེགས་གྲས་འདེམས་པ་དང་། རིགས་དབྱེ་ཚོད་ལྟ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཐོག རིམ་པ་དང་པོའི་དམིགས་ཚད་ཁག་5དང་རིམ་པ་གཉིས་པའི་གདེང་འཇོག་ཚད་གཞི་ཁག་23ལ་དམིགས་ནས། ནགས་ར་30ལ་དེང་རབས་ནགས་རའི་ཚོད་ལྟ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། དེའི་རིང་། ཞིང་ཆེན་ཡོངས་ཀྱི་ནགས་རས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་ལ་སྤྱི་འདོམས་བྱས་ཏེ། ཐོན་ཁུངས་སྲུང་སྐྱོང་སྔོན་འཇོག་དང་། གཉེར་སྐྱོང་དོ་དམ་ཚན་རིག་དང་མཐུན་པ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། ཐོན་ལས་འཕེལ་རྒྱས་གང་ལེགས་ཡོད་པ། ནགས་ར་འབྱོར་ཕྱུག་ཞི་མཐུན་ལྡན་པ་བཅས་ཀྱི་སྤྱིའི་དམིགས་ཚད་ལ་ཐོག་མཐའ་བར་གསུམ་དུ་དམ་པོར་དམིགས་ནས་འཛུགས་སྐྲུན་ལས་འགན་ཁག་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
“ལོ་གཅིག་ལ་ཇུས་འགོད་བྱེད་པ་དང་། ལོ་གསུམ་རིང་འགག་སྒྲོལ་ཚད་བརྒལ་བྱེད་པ། ལོ་ལྔའི་རིང་ལས་མཇུག་ཡག་པོ་སྡུད་པ”བཅས་ཀྱི་དུས་མཚམས་དམིགས་ཚད་ལྟར། ལོ་ལྔར་ལག་ལེན་དུ་བསྟར་བ་བརྒྱུད་ཚོད་ལྟའི་ནགས་ར་30དུས་བཀག་ལྟར་འཛུགས་གཏོད་ཐུབ་ཡོད། ནགས་རའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ཇུས་འདོན་གནད་སྨིན་གྱིས་ནགས་ར་8བདམས་ནས་དཔེ་མཚོན་དུ་བྱས་པ་སྟེ། དགོན་ལུང་བྱང་རིའི་ནགས་རར“གནམ་ས་བར་སྣང”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དཔེ་མཚོན་དུ་གྱུར་པ་དང་། ཟི་ལིང་ཙོང་ཆུའི་ནགས་རར་གྲང་འགོག་ཐན་འགོག་གི་སོན་བཟང་འདེམས་གསོ་བྱས་ནས་ཐན་ཁུལ་དང་ཕྱེད་ཐན་ཁུལ་གྱི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ཚད་ཤིང་བཏོད་པ། འཇུ་ལག་པའོ་ཁུའུ་ནགས་རར“ནགས་ཆུ་མཐུན་སྦྱོར”གྱི་གཡོག་བྱེད་མ་ལག་བཏོད་དེ་ནགས་ཆུ་མཉམ་གནས་ཀྱི་འཁོར་རྒྱུག་བཟང་པོ་ཡོང་བར་བྱས་པ། སྐུ་འབུམ་ཁྱུང་རྒྱ་ནགས་ར་དང་གཞོང་ཐང་བྱ་ཁྱུང་ནགས་རར་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་དང་སྐྱེ་ཁམས་དང་དཔལ་འབྱོར་ཟུང་འབྲེལ་གྱི་བྱེད་སྟངས་སོ་སོར་སྤྱད་དེ་དམངས་འཚོ་ལེགས་གཏོང་ལ་སྐུལ་ཁྲིད་བྱས་པ། རྨ་ལྷོའི་དམེ་ཤུལ་ནགས་ར་དང་། སྨར་ཁོག་ཆུ་བོའི་པཎ་ཆེན་ནགས་ར། འཇུ་ལག་སེམས་ཉིད་ནགས་ར་བཅས་ཚན་ཞིབ་སོན་སྤུས་དང་སྐྱེ་ཁམས་རིན་ཐང་གསར་སྤེལ་སོགས་ཐད་ཀྱི་དཔེ་མཚོན་དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།