དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་མོ་ཞི་ཁོའི་ཐེག་ཆུང་མེ་འཁོར་གྱི་སྐྱེལ་འདྲེན་ལས་གཉེར་བརྟན་པོ་ཡོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཁྲེང་ཧྲི་ཅེ།   |     སྤེལ་དུས།  2026-07-14

    མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་ཐེག་ཆུང་མེ་འཁོར་ལམ་ཐིག་དང་པོའི་ཨཱ་ཙི་ཐེ་ཁོ་ལུས་རྩལ་ཐང་གི་འབབ་ཚུགས་སུ་འགྲུལ་རྒྱུན་ཆད་རྒྱུ་མེད་ཅིང་། སྤོ་ལོ་དབྱིངས་པ་དག་ཐེག་ཆུང་མེ་འཁོར་ལ་བསྡད་དེ་གཅིག་རྗེས་གཉིས་མཐུད་ངང་འབབ་ཚུགས་སུ་འབྱོར། འབབ་ཚུགས་ནས་ཐོན་རྗེས། སྤོ་ལོ་དབྱིངས་པ་མི་ཉུང་བས་འཁོར་སྒྲོམ་ཕྱི་རུ་པར་རྒྱག་པ་དང་། དེ་རྗེས་ཁ་གསལ་བའི་ལམ་སྟོན་ལམ་རྟགས་བརྒྱུད་ཨཱ་ཙི་ཐེ་ཁོ་ལུས་རྩལ་ཐང་དུ་བསྐྱོད་པ་རེད།

    འདི་ནི་2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་རིང་གི་རྣམ་པ་ཞིག་རེད། ཐེག་ཆུང་མེ་འཁོར་ལམ་ཐིག་དང་པོ་ནི་མོ་ཞི་ཁོ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་སྤྱི་པའི་འགྲིམ་འགྲུལ་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། རིང་ཚད་ལ་སྤྱི་ལེ་13.04ཟིན་པ་དང་། བར་ཚུགས་16དང་མཐའ་ཚུགས་2བཙུགས་ཏེ་ཁོ་ཡུའེ་ཨཱ་ཁན་དང་། ཐེ་ལཱར་ཕན། ཧོ་ཆི་མིར་ཁོ་སོགས་མི་ཚོགས་མང་བའི་ས་ཁོངས་སྦྲེལ་ཡོད། སྤོ་ལོ་དབྱིངས་པ་མང་པོའི་ངོས་ནས་བརྗོད་ན། ཐེག་ཆུང་མེ་འཁོར་ལ་བསྡད་དེ་འགྲན་བསྡུར་སྤེལ་ཡུལ་དུ་སྐྱོད་པ་དེས་འགྲིམ་འགྲུལ་འགགས་པ་ལས་ནུས་ལྡན་ངང་གཡོལ་ཐུབ་པ་མ་ཟད། མོ་ཞི་ཁོ་གྲོང་ཁྱེར་གྱི་འཚོ་བར་མྱོང་རོལ་བྱེད་པའི་དམིགས་བསལ་གྱི་འགྲུལ་བཞུད་ལམ་བུ་ཞིག་ཏུ་དེ་བས་ཀྱང་གྱུར་ཡོད་པ་རེད།

    འཛམ་གླིང་བུམ་པའི་རིང་། ཀྲུང་གོ་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་ཁྲེ་ཀྲུའུ་འཁོར”ཞེས་བསྡུ་རྒྱུ)ཞིབ་འཇུག་གསར་བཟོ་བྱས་པའི་དབྱིབས་གསར་ཐེག་ཆུང་མེ་འཁོར་115མོ་ཞི་ཁོ་གྲོང་ཁྱེར་དང་། མོང་ཐེ་ལེ། ཀྭ་ཏ་ལཱ་ཧཱ་ལཱ་བཅས་མོ་ཞི་ཁོའི་གཙོ་གཉེར་གྲོང་ཁྱེར་གསུམ་ལ་ཁྱབ་ཅིང་། སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་125ལྷག་ཙམ་ཟིན་གྱི་ཡོད། ཉེ་ལམ་ཀྲུང་ཁྲེ་ཀྲུའུ་འཁོར་དང་དེ་བཞིན་ཀྲུང་ཁྲེ་མོ་ཞི་ཁོ་ཞབས་ཞུ་ཚོགས་པའི་ལག་རྩལ་པས་ས་གནས་ས་ཐོག་ཏུ་ལས་གནས་བརྟན་སྲུང་བྱས་ཏེ་མེ་འཁོར་འཁོར་སྐྱོད་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། མོ་ཞི་ཁོ་གྲོང་ཁྱེར་གྱི་དབྱིབས་གསར་ཐེག་ཆུང་མེ་འཁོར་རྣམ་གྲངས་ནང་ཞུགས་མཁན་ཕྱོགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་ཁྲེ་ཀྲུའུ་འཁོར་གྱིས་མེ་འཁོར་གྱི་ཞིབ་འཇུག་གསར་བཟོ་ཐོན་སྐྱེད་དང་། རང་ས་ཅན་གྱི་བཀོལ་སྤྱོད་བདག་སྐྱོང་། ལག་རྩལ་གྱི་འགན་སྲུང་། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ལས་འགན་ཁུར་ནས། རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་རིང་འགྲུལ་པ་མང་བའི་སྐབས་ཀྱི་མེ་འཁོར་བརྟན་ལ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས་ཡོད་པ་རེད།

    ཀྲུང་ཁྲེ་ཀྲུའུ་འཁོར་མོ་ཞི་ཁོ་ཡན་ལག་ཀུང་སིའི་འགན་འཁུར་བ་ལུའོ་ཁྲའོ་ཡིས་ངོ་སྤྲོད་བྱས་དོན། འགྲུལ་པ་མང་བར་དམིགས་ཏེ་ཀྲུང་ཁྲེ་ཚོགས་པས་འཁོར་རིགས་དང་། ས་གནས་ས་ཐོག རྒྱབ་ཕྱོགས་བཅས་ཀྱི་རིམ་གསུམ་མཉམ་འགུལ་དང་ལེན་ལམ་སྲོལ་བཙུགས་ཤིང་། བསླབ་རྒན་ཞབས་ཞུ་ལག་རྩལ་ཆེ་མོ་བ་དེ་བས་མང་བ་མོ་ཞི་ཁོ་རུ་ལས་གནས་བརྟན་སྲུང་བྱེད་པར་མངགས་ནས། ཆུ་ཚོད་24ཡི་འཕྲལ་སྡོམ་དང་ལག་རྩལ་གྱི་རྒྱབ་སྐྱོར་ཚོགས་པ་བཙུགས་ཡོད། ཉིན་ལྟར་སྐྱེལ་འདྲེན་ལས་གཉེར་མ་བྱས་གོང་། ལག་རྩལ་པས་འགག་རྩའི་ལྷུ་ལག་དང་མེ་འཁོར་གྱི་མ་ལག་མཉེན་ཆས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། སྐྱེལ་འདྲེན་ལས་གཉེར་བྱེད་རིང་། ས་གནས་ས་ཐོག་གི་མི་སྣས་བཀོད་གཏོང་དང་མེ་འཁོར་བདག་སྐྱོང་ལས་ཚུགས་དང་མཉམ་འགུལ་བྱས་ནས་ཐོལ་བྱུང་གནས་ཚུལ་དུས་ཐོག་ཏུ་དང་ལེན་བྱེད་ཀྱི་ཡོད། སྐྱེལ་འདྲེན་ལས་གཉེར་ཚར་རྗེས། འཁོར་རིགས་ལ་བསྐྱར་བཤེར་བྱས་ནས་འཁོར་སྐྱོད་བྱེད་ཤུགས་ཆེ་བ་དང་སྐྱེལ་འདྲེན་མང་བའི་ཆ་རྐྱེན་འོག་མེ་འཁོར་བདེ་འཇགས་དང་བློས་འཁེལ་བའི་འགན་ལེན་བྱས་ཡོད་པ་རེད།

    2024ལོའི་ཟླ་དང་པོར། ཀྲུང་ཁྲེ་ཀྲུའུ་འཁོར་གྱིས་བཟོས་པའི་ཐེག་ཆུང་མེ་འཁོར་ཐོག་མ་དེས་མོ་ཞི་ཁོ་གྲོང་ཁྱེར་དུ་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པ་དང་། ད་ལོའི་ཟླ་5པར། རང་སའི་རིག་གནས་ཀྱི་ཉམས་འགྱུར་ལྡན་པའི་མེ་འཁོར་གསར་པ་17སྤྱོད་འགོ་ཚུགས་ནས་ས་གནས་དེ་གའི་གྲོང་ཁྱེར་འགྲིམ་འགྲུལ་གྱི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།